འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་དབུལ་སྐྱོར་ལ“ཁྱོན་ཡོངས་ལ་ཁྱབ་པ་ལྔ” མངོན་འགྱུར་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་གི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་དབུལ་སྐྱོར་ཐད་རྫོང་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་དང་། གྲོང་ཚོ་དབུལ་པོའི་རོགས་རེས་འཕེལ་རྒྱས་མ་དངུལ། འོད་ཤུགས་དབུལ་སྐྱོར་ཐོན་ལས་རྣམ་གྲངས། མི་འབོར་དབུལ་པོ་ཡོད་པའི་སྲིད་འཛིན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་མ་དངུལ། མི་འབོར་དབུལ་པོའི་དུད་ཚང་ལ་ཁྱབ་པའི་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་བཅས“ཁྱོན་ཡོངས་ལ་ཁྱབ་པ་ལྔ”མངོན་འགྱུར་བྱུང་སྟེ་རྫོང་དང་། གྲོང་ཚོ། དུད་ཚང་བཅས་ལ་ཁྱབ་པའི་ཐོན་ལས་དབུལ་སྐྱོར་གྱི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཡོད།
     ཞིང་ལས་འཚམ་སར་ཞིང་ལས་དང་། འབྲོག་ལས་འཚམ་སར་འབྲོག་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར། ཚོང་ལས་འཚམ་སར་ཚོང་ལས་བཅས་བྱས་ནས་ས་ཁུལ་ཁག་གིས་ས་ཁོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་སྣ་ཚོགས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱ་རྒྱུ་གདམ་ག་བྱས་ཤིང་། རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱས་པ་དང་། རྫོང་དབུལ་པོ་39ལ་དབུལ་སྐྱོར་ཐོན་ལས་གླིང་བཙུགས་པས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་དུད་ཚང་ཁྲི་5.7དང་མི་ཁྲི་15.8ལ་ཕན་པ་ཐོབ་པ་དང་། མི་8000ལྷག་ཙམ་ལས་ཞུགས་ཐུབ་པ་རེད། ས་ཁུལ་ཁག་གིས་རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་ལ་གཞིགས་ཏེ་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་ཁེ་ལས་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་པས་དབུལ་སྐྱོར་ཐོན་ལས་གླིང་དེ་ཉིད་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གསར་པ”ཞིག་ཏུ་གྱུར་ཡོད།
     དེ་དང་ཆབས་ཅིག་མང་ཚོགས་དབུལ་པོ་མི་སྒེར་གྱི་འདོད་འདུན་ལ་གཞི་ཚུགས་ནས་དབུལ་སྐྱོར་དུད་ཚང་དུ་འཁྱོལ་བའི་ཐོན་ལས་རྣམ་གྲངས་ལ་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་26.14བཏང་བ་དང་། བོད་རིགས་ས་ཁུལ་གྱི་མི་རེར་ཆ་སྙོམས་སྒོར་6400དང་ཞིང་ཁུལ་གྱི་མི་རེར་ཆ་སྙོམས་སྒོར་5400ཡི་ཚད་གཞིར་གཞིགས་ནས་འདོད་བློ་ཡོད་པ་དང་ནུས་པ་ཡོད་པའི་མི་འབོར་དབུལ་པོ་ཁྲི་44.35ལ་དུད་ཚང་དུ་ཁྱབ་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་དང་རོགས་སྐྱོར་བྱས་པ་བརྒྱུད། དུད་ཚང་དབུལ་པོ་གཙོ་བོར་བྱེད་པའི་ཁྱིམ་ཚང་གཉེར་སྐྱོང་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་བཏོད་ཡོད།