འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅༎ཐེ་རོན་ཕུས་གཟའ་འཁོར་རྗེས་མར་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་ཐེངས་གཉིས་པའི་
དུས་ཚོད་དང་ས་གནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཚེས་31ཉིན་བརྗོད་དོན། ཨ་རི་ཕྱོགས་ཀྱིས་གཟའ་འཁོར་རྗེས་མར་ཁོང་རང་དང་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་མཇལ་འཛོམས་གནང་ཐེངས་གཉིས་པའི་དུས་ཚོད་དང་ས་གནས་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་བརྗོད།
     ཐེ་རོན་ཕུས་དེ་ཉིན་ཕོ་བྲང་དཀར་པོར་སྨྱན་སྦྱོར་ལ། ཁོང་དང་ཅིན་ཀྲེང་ཨེན་དབར་གྱི་མཇལ་འཛོམས་གནང་ཐེངས་གཉིས་པ་ཟླ་2པའི་ཟླ་མཇུག་ཏུ་བྱ་རྒྱུ་ཡིན་ཞིང་། ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་དབར་མཇལ་འཛོམས་ཀྱི་དུས་ཚོད་དང་ས་གནས་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད་ལ། གཟའ་འཁོར་རྗེས་མར་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད།
     ཨ་རིའི་རྒྱལ་དོན་ཁང་གིས་དེ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིའི་ཁྲའོ་ཞན་ལ་འཛིན་པའི་སྲིད་ཇུས་ཀྱི་དམིགས་བསལ་འཐུས་ཚབ་སི་ཏི་ཧྥན·པི་ཀེན་ཟླ་2ཚེས་3ཉིན་ཧན་གོའི་ཧྲོའར་དུ་ཕེབས་ནས་ཧན་གོའི་ཕྱི་འབྲེལ་པུའི་ཕྱེད་གླིང་ཞི་བའི་འབྲེལ་གཏུག་པུའི་པུའུ་ཀྲང་ལི་ཏུའུ་ཤུན་དང་གྲོས་མོལ་གནང་རྒྱུ་ཅེས་བརྗོད་པ་དང་། པི་ཀེན་གྱིས་ད་དུང་ཁྲའོ་ཞན་གྱི་དཔོན་རིགས་དང“ཁྲའོ་ཞན་ལ་ཆེས་མཐའ་མ་དང་། ཡོངས་སུ་ཚོད་ལེན་བྱས་ཚར་བའི་ཉིང་རྡུལ་མཚོན་ཆ་མེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་གོམ་སྟབས་རྗེས་མའི་བྱ་ཐབས་ལ་སྐུ་འདེད་གཏོང་རྒྱུ་”སོགས་ཀྱི་ཐད་གྲོས་མོལ་གནང་རྒྱུ་རེད་ཅེས་བརྗོད།
     ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཚེས་30ཉིན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་སྐབས་གསུངས་པར། ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་དབར་གྱི་ཐུག་འཕྲད་ཐེངས་གཉིས་པ་ཟླ་2པའི་ཟླ་མཇུག་ཏུ་ཨེ་ཤེ་ཡའི་ས་གནས་ག་གེ་མོ་ཞིག་ལ་འཚོགས་རྒྱུ་རེད་ཅེས་བརྗོད། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་གཉིས་ཐུག་འཕྲད་གནང་རྒྱུའི་གྲབས་འདེམས་ས་ཆའི་ནང་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་དང་། ཐེ་ལན་གྱི་པང་ཁོག་སོགས་ཚུད་ཡོད་པ་རེད།
     ཐེ་རོན་ཕུས་ཟླ་འདིའི་ཚེས་18ཉིན་ཝ་ཧྲིང་ཐོན་དུ་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཀྲེ་དང་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་པོས་ཁྲའོ་ཞན་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་དང་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་དབར་མཇལ་འཛོམས་ཐེངས་གཉིས་པ་གནང་རྒྱུ་སོགས་ཀྱི་གནད་དོན་ལ་གྲོས་མོལ་གནང་བ་རེད། ཕོ་བྲང་དཀར་པོས་དེ་ཉིན་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་དབར་གྱི་མཇལ་འཛོམས་ཐེངས་གཉིས་པ་ཟླ་2པའི་ཟླ་མཇུག་དུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
     2018ལོའི་ཟླ་6པར། ཐེ་རོན་ཕུ་དང་ཅིན་ཀྲེང་ཨེན་སིང་ཀ་ཕོར་དུ་མཇལ་འཛོམས་གནང་བ་དང་ཆབས་ཅིག་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་ནས་། “ཁྲའོ་ཞན་དང་ཨ་རིའི་དབར་འབྲེལ་བ་གསར་པ་འཛུགས་པ”དང“ཁྲའོ་ཞན་ཕྱེད་གླིང་གི་ཡུན་རིང་བརྟན་ལྷིང་དང་ཞི་བདེའི་ལམ་སྲོལ་འཛུགས་རྒྱུའི”ཐད་ངོས་འཛིན་གཅིག་གྱུར་བྱུང་ཡོད་པ་རེད། ཐེ་རོན་ཕུས་ཁྲའོ་ཞན་ལ་བདེ་འཇགས་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ་ཁས་ལེན་བྱས་པ་དང་། ཅིན་ཀྲེང་ཨེན་གྱིས“ཁྲའོ་ཞན་ཕྱེད་གླིང་ལ་ཡོངས་སུ་ཉིང་རྡུལ་མཚོན་ཆ་མེད་པ”མངོན་འགྱུར་ཡོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་གནང་བ་རེད།