འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅༎དབུལ་སྒྲོལ་ལམ་བུར“མཉམ་སྤྱོད་བ་ཚང”ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། “ལོ་གསར་གཏོང་གྲབས་ཡོད་པས་གླང་ཤ་བྲིན་ཁ་རྒྱུག་པོ་འདུག ང་ཚོ་བུ་སྤུན་གསུམ་པོས་བ་གླང་9བཤས་པ་དང་བ་གླང་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་། ད་ཆ་གླང་ཤ་རྒྱ་མ་རེར་སྒོར་35ཡས་མས་ཟིན་གྱི་ཡོད། ད་ལོ་དངུལ་བསགས་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་གི་ཡིན”ཞེས་བ་གླང་གསོ་མཁན་ལི་ཧྲི་པིང་གིས་བཤད། 
     ལི་ཧྲི་པིང་བུ་སྤུན་གསུམ་པོ་ཧུའུ་པེ་ཞིང་ཆེན་ཧྲི་གཡན་གྲོང་ཁྱེར་ཏན་ཅང་ཁ་གྲོང་ཁྱེར་ཞི་ཅ་ཏན་གྲོང་རྡལ་ལི་ཅཱ་དབན་གྲོང་ཚོར་སྡོད་ཅིང་། ཁྱིམ་ཚང་གསུམ་པོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད། དེ་སྔ་ཁྱིམ་ཚང་གསུམ་པོས་བ་གླང་རེ་གཉིས་གསོ་ཡི་ཡོད། ཉེ་བའི་ལོ་ཤས་རིང་། ཏན་ཅང་ཁ་གྲོང་ཁྱེར་གློག་གཏོང་ཀུང་སིའི་གྲོང་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་གསོ་ཚགས་གཞི་ཁྱོན་རིམ་བཞིན་ཆེ་རུ་སོང་ཡོད། 
     ལི་ཧྲི་པིང་བུ་སྤུན་གསུམ་པོར་བ་གླང་གསོ་བར“དར་སོ་ཆེ་བའི་ཐབས་ཤེས”ཤིག་ཡོད་དེ། བུ་སྤུན་གསུམ་པོས་བ་ཚང་དང་གཟན་ཁང་མཉམ་སྐྲུན་མཉམ་སྤྱོད་བྱས་ཤིང་། དུད་ཚང་རེས་མོས་ཀྱིས་གཉེར་སྐྱོང་དང་། གསོ་ཚགས། གཡོག་བྱེད་བཅས་བྱས་པས་བུ་སྤུན་གསུམ་པོ་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ལམ་དུ་བསྐྱོད་ཡོད། 
     འཕེལ་རྒྱས་ཀྱི་དཀའ་གནད་མདུན་དུ་ཇི་ལྟར་བྱེད་དགོས་སམ། 
     ཀྲང་ཞན་གོས་བུ་སྤུན་གསུམ་པོར་ཐབས་ཤེས་བཟང་པོ་ཞིག་བཏོན་པ་སྟེ། ཁྱིམ་ཚང་གསུམ་པོས་བ་ཚང་དང་གཟན་ཁང་མཉམ་སྐྲུན་མཉམ་སྤྱོད་བྱས་མཐར་སྒོར་ཁྲི་5ལས་བཏང་མེད་པ་དང་བ་ཚང་དུ་བ་གླང་ཆེ་ཆུང་50ཙམ་ཤོང་གི་ཡོད། 
     “བུ་སྤུན་གསུམ་པོས་མཉམ་དུ་འཕེལ་རྒྱས་བཏང་ན་སྟོབས་ཤུགས་ཆེ། དེ་སྔ་ཁྱིམ་ཚང་གསུམ་པོ་སོ་སོས་གསོ་ཚགས་བྱེད་ཀྱི་ཡོད་པས་ཉིན་ལྟར་ཚང་མ་གཡོག་བྱེད་དང་གཟན་ཆག་སྟེར་བར་ཡོང་དགོས་ཀྱི་ཡོད། ད་ཆ། ཟླ་སྒྲིལ་བཏང་རྗེས་རེས་སྐོར་གྱིས་གཡོག་བྱེད་བྱས་པས་དེ་སྔ་ལྟར་མི་མང་པོ་དགོས་ཀྱི་མེད”ཅེས་ལི་ཧྲི་པིང་གིས་བཤད། 
     ལི་ཧྲི་པིང་གིས་ད་དུང་གསར་འགོད་པར་དེ་སྔ་ང་ཚོས་བ་གླང་འཚོང་གི་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་བྲིན་ལམ་རྒྱ་ཆེར་སོང་ནས་བ་གླང་བཤས་བཏང་ནས་ཤ་འཚོང་གི་ཡོད་པས་བ་གླང་རེར་ཡོང་འབབ་སྒོར་1000ལྷག་ཙམ་གྱིས་མང་བ་རག་གི་འདུག་ཅེས་བཤད། 
     “མཉམ་སྤྱོད་བ་ཚང”ལས་ལུ་གུ་རྒྱུད་ཀྱི་འགྱུར་ལྡོག་བྱུང་བ་སྟེ། བུ་རྒན་པ་ལི་ཧྲི་ཅུན་གྱི་བུ་ལི་ཁང་ཡུལ་གཞན་དུ་གླ་པ་བྱས་ནས་ཕ་ཡུལ་དུ་ལོག་སྟེ“མཉམ་སྤྱོད་བ་གླང་གསོ་ཚགས”ལ་ཞུགས་པ་རེད། 
     ལོ་28ལ་སླེབས་པའི་ལི་ཁང་གིས་དེ་སྔ་ང་ཧྲེན་ཀྲེན་གྱི་རྩེད་ཆས་བཟོ་གྲྭ་ཞིག་ཏུ་གླ་པ་བྱས་པ་ཡིན། ཁྱིམ་གྱི་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་བས་ངས་ཁྱིམ་དུ་བ་གླང་གསོ་རོགས་བྱས་པར་ཡོང་འབབ་ཕྱིར་བསྐྱོད་པ་ལས་ཉུང་བ་མི་འདུག“ལོ་གསར་པར་ང་ཚོ་ཁྱིམ་ཚང་གསུམ་པོས་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད། ཐོན་ལས་གནད་ལ་འཁེལ་བ་བཙལ་ནས་ལས་ཀ་ཧུར་ཐག་བྱས་ན་དབུལ་རྩ་ཆོད་སྲིད”ཅེས་བཤད།