འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅༎ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞིས་ཐེ་རོན་ཕུས་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་བའི་
གཏམ་བཤད་ཕྱིར་འགྱངས་བྱ་རྒྱུའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན། དམངས་གཙོ་ཏང་མི་ཕེ་ལུའོ་ཞིས་ཚེས་16ཉིན་ལ་བཤད་རྒྱུར། ཁོ་མོས་ཉིན་དེ་གར་ཙུང་ཐུང་ཐེ་རོན་ཕུ་ལ་འཕྲིན་ཡིག་སྤྲིངས་ནས། སྔར་བཀོད་འཆར་གཞི་ལྟར་ཟླ་འདིའི་ཟླ་མཇུག་ཏུ་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་བའི་གཏམ་བཤད་ཕྱིར་འགྱངས་བྱ་རྒྱུའི་གྲོས་འགོ་བཏོན་པ་ཡིན་ཞེས་བརྗོད། 
     ཕེ་ལུའོ་ཞིས་ཉིན་དེ་གར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འཕྲིན་ཡིག་འདི་ཁྱབ་བསྒྲགས་བྱས་ཤིང་། ཁོ་མོས་འཕྲིན་ཡིག་ནང་དུ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གཟའ་འཁོར་འདིའི་ནང་རྒྱུན་ལྡན་གྱི་ལས་དོན་སླར་གསོ་བྱས་ན་མ་གཏོགས། བདེ་འཇགས་ཀྱི་ངོས་ནས། སྲིད་གཞུང་གིས་ཡང་བསྐྱར་“སྒོ་འབྱེད”བྱས་རྗེས་གཞི་ནས་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་བའི་གཏམ་བཤད་སྤེལ་བའི་དུས་ཚོད་ལ་གྲོས་མོལ་བྱེད་པའམ། ཡང་ན་ཐེ་རོན་ཕུ་ཡིས་ཡིག་ཐོག་ནས་རྒྱལ་ཚོགས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་འབུལ་བའི་ གྲོས་འགོ་བཏོན་པ་ཡིན་ཞེས་བརྗོད།
     ཕེ་ལུའོ་ཞིས་འཕྲིན་ཡིག་ནང་དུ། རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་བའི་གཏམ་བཤད་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ནི་ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་ཁོངས་གཏོགས་ཆེད་འགན་མི་སྣའི་སྡེ་ཚན་གྱིས་འགན་འཁུར་དགོས། འོན་ཏེ་ཆེད་འགན་མི་སྣའི་སྡེ་ཚན་ལ་ད་བར་དུ་ཉིན་26རིང་ལ་མ་དངུལ་ཐོབ་མི་འདུག  གཞན་ཡང། 1977ལོའི་ནོར་སྲིད་ལོ་འཁོར་ནས་བཟུང་། ཨ་རིའི་ཙུང་ཐུང་གིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་“མཚམས་བཞག་པའི”རིང་ལ་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་བའི་གཏམ་བཤད་སྤེལ་མྱོང་མི་འདུག་ཅེས་བརྗོད་ཡོད།
     ཨ་རིའི་ཕོ་བྲང་དཀར་པོས་མིག་སྔར་དེའི་ཐད་ལ་ལན་བཏབ་མེད།
     ཨ་རིའི་སྐབས་གསར་པའི་རྒྱལ་ཚོགས་ཟླ་འདིའི་ཚེས་3ཉིན་འགོ་ཚུགས་ལ། དམངས་གཙོ་ཏང་ནི་གྲོས་ཁང་འོག་མའི་གྲངས་མང་ཏང་དུ་གྱུར་ཞིང་། ཕེ་ལུའོ་ཞི་གྲོས་ཁང་འོག་མའི་གྲོས་དཔོན་དུ་བདམས་ཐོན་བྱུང་། ཉིན་དེ་གར། ཁོ་མོས་ཐེ་རོན་ཕུ་ལ་འཕྲིན་ཡིག་སྤྲིངས་ནས་ཟླ་འདིའི་ཚེས་29ཉིན་རྒྱལ་ཚོགས་སུ་ཕེབས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་བའི་གཏམ་བཤད་སྤེལ་བར་གདན་ཞུ་བྱས་པ་རེད། 
      ཨ་རིའི་ཕོ་བྲང་དཀར་པོ་དང་རྒྱལ་ཚོགས་ཀྱི་དམངས་གཙོ་ཏང་མིའི་བར་ལ་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་ཀྱི་སོ་སོར་ཕྲལ་བའི་གྱང་སོགས་ཀྱི་གནད་དོན་ཐད་ཀྱི་ལྟ་བ་ལ་ཕྱོགས་འགལ་ཚབས་ཆེན་བྱུང་བས། ཕྱོགས་སོ་སོས་གཏོང་དངུལ་གྱི་ཁྲིམས་དོན་གྲོས་གཞི་ལ་གྲོས་མཐུན་བྱུང་མེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལས་ཁུངས་ཀྱི་བཞི་ཆ་གཅིག་ཙམ་གྱིས་ན་ནིང་གི་ཟླ་12ཚེས་22ཉིན་གྱི་ཐོ་རེངས་ནས་བཟུང་“ལས་མཚམས་བཞག”སྟེ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་གླ་པ་ཁྲི་80ཙམ་གྱིས་ཐབས་ཟད་འུ་ཐུག་གིས་ཕོགས་མེད་པར་ལས་ཀ་སྒྲུབ་པའམ་ཡང་ན་བཙན་ཤེད་ཀྱིས་གུང་གསེང་བཏང་ཡོད།