འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅།།དཔེ་ཀློག་དང་རྩོམ་འབྲི་བ་ལས་དཀར་མཛེས་ཀྲོའུ་ཡི་གཞོན་ནུར་ཕན་པ་ཆེན་པོ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དྲ་ཐོག་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། དགུན་གྱི་ཞོགས་པར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་ཚོ་གསུམ་ཤང་རུབ་མར་གྲོང་ཚོའི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་པའི་བློ་བཟང་རྟ་མགྲིན་སྔ་པོ་ནས་ལངས་ཏེ་ཁྱིམ་ནས་ཞོགས་ཟས་བཟས་རྗེས་རང་ཁྱིམ་ཉེ་འགྲམ་གྱི་གསར་དུ་བཙུགས་པའི་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་སུ་བསྐྱོད་དེཆུ་ཚོད་9པར་འགོ་འཛུགས་པའི“རིག་གཞུང་སྤེལ་རེས”ཀྱི་བྱེད་སྒོར་ཞུགས་པ་རེད།
     “རིག་གཞུང་སྤེལ་རེས”བྱེད་སྒོར་ཞུགས་མཁན་དུད་ཚང་དབུལ་པོ་སྐལ་བཟང་དོན་གྲུབ་ཀྱི་བུ་མོ་རྒྱལ་མཐར་ཡང་བྱེད་སྒོ་སྤེལ་ཡུལ་དུ་ཡོང་། “རང་ཉིད་ཀྱིས་གཞན་ལ་ལྷག་བསམ་རྣམ་དག་བྱས་ཚེ་གཞན་གྱིས་ཀྱང་རང་ལ་ཟོལ་མེད་ཀྱི་བསམ་བློ་བཅངས་སྲིད། མི་ཚེ་ནི་ཡང་སྙིང་གང་འདྲ་ཞིག་རེད་དམ། མི་ཚེ་ནི་ནམ་ཡང་མཚམས་ཆད་རྒྱུ་མེད་པའི་འབད་འཐབ་ཅིག་ཡིན། དམིགས་ཡུལ་གཏན་འཁེལ་བྱུང་ཚེ་འབད་འཐབ་བྱེད་རིང་རང་ཉིད་ཀྱི་འབད་བརྩོན་དེ་སྟོང་ཟད་ཅིག་མིན་པ་ཚོར་ཐུབ་ལ། འཚོ་བར་དོན་སྙིང་ལྡན་པ་ཡང་ཚོར་ཐུབ་ནས་འབད་འཐབ་ཀྱི་སྙིང་སྟོབས་ཀྱང་ཇེ་ཆེར་འཕེལ་ཐུབ་སོགས་ལུའུ་ཡའོ་ཡི《སྤྱིར་བཏང་གི་འཛམ་གླིང》”ཞེས་པའི་དཔེ་དེབ་ཀྱི་མྱོང་ཚོར་ཤོད་པ་ལས་རུབ་མར་གྲོང་ཚོའི་རིག་གཞུང་ལ་དགའ་པོ་བྱེད་མཁན་གཞོན་ནུ་10ལྷག་ཙམ་དེ་གར་འཛོམས་ཏེ་བློ་རྩེ་གཅིག་སྒྲིམ་ངང་དཔེ་དེབ་ཀྱི་མྱོང་ཚོར་ཉན་བཞིན་མཆིས།
     ཚོ་གསུམ་ཤང་ཏང་ཨུད་དང་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གི་འབད་བརྩོན་འོག “རིག་གཞུང་སྤེལ་རེས”བྱེད་སྒོས་དབྱར་ཁ་དང་དགུན་ཁའི་གུང་གསེང་གི་ཟླ་བ་ཚང་མར་རུབ་མར་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་སུ་བྱེད་སྒོ་ཐེངས་གཉིས་སྤེལ་གྱི་ཡོད་པ་དང་། དེར་རྩོམ་ཡིག་ལེགས་གྲས་ཉམས་སྤྱོད་དང་། སྙན་ངག་སྙན་པོར་གཟིགས་དཔྱད། རྩོམ་ཡིག་ལེགས་གྲས་དབྱེ་ཞིབ། གློག་བརྙན་རྩེ་གྲ་འོས་སྦྱོར་སོགས་བྱེད་ཀྱི་ཡོད།
     རུབ་མར་གྲོང་ཚོའི་གྲོང་ལྷན་གྱི་འགན་འཁུར་བས། “རིག་གཞུང་སྤེལ་རེས”བྱེད་སྒོ་སྤེལ་ཡུན་རིང་བས་སློབ་ཚན་ཉན་མཁན་ཡང་ཇེ་མང་དུ་སོང་བ་དང་། བྱེད་སྒོར་ཞུགས་མཁན་ཚང་མ་གྲོང་ཚོའི་ནང་གི་རིག་གནས་ཡོད་པའི་གཞོན་ནུ་ཤ་སྟག་རེད། ཁོང་ཚོའི་ཤུགས་རྐྱེན་འོག ང་རང་ཡང་ཁོང་ཚོའི་ཟུར་དུ་བསྡད་ནས་སྤྱི་སྐད་སྦྱོང་ཞོར་ཡ་མཚན་ཆེ་བའི་གནས་ཚུལ་ཉན་གྱི་ཡོད་ཅེས་བཤད།
    “དཔེ་ཀློག་དང་རྩོམ་འབྲི་བ་ལས་ང་རང་ལ་དྲིན་ཚོར་གྱི་བསམ་བློ་ཞིག་བྱུང་ལ། ངས་འཛམ་གླིང་ཐོག་མི་ཁག་གཅིག་གིས་ང་ཚོས་དགའ་པོ་བྱེད་པའི་འཚོ་བ་སྐྱེལ་སྟངས་ལྟར་འཚོ་བ་སྐྱེལ་བ་ཡང་མཐོང་བྱུང”ཞེས་ལོ་18ལ་སླེབས་པའི་བསོད་ནམས་ཆོས་མཚོས་བཤད། “ འཚོ་བའི་ཁྲོད་ང་ཚོར་དཀའ་ངལ་འཕྲད་རྒྱུ་ནི་སྨོས་མེད་རེད། རིག་གཞུང་ལ་བརྟེན་ཏེ་ང་ཚོས་རང་ཡིད་རང་ཆེད་ཀྱི་བསམ་བློའི་ཐོག་ནས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བ་བྱེད་དགོས”ཞེས་དུད་ཚང་དབུལ་པོ་བདེ་སྐྱིད་དབང་མོའི་ཁྱིམ་གྱི་བུ་མོ་སྐལ་མཚོས་བཤད། དེ་ག་ནས་ཁོང་ལ་བསམ་པའི་ཁྱིམ་གཞིས་དང་འཚོ་བའི་འདེགས་སྐྱོར་ཞིག་རྙེད་པ་མ་ཟད། རང་སྟོབས་རང་སྤེལ་གྱི་གལ་ཆེའི་རང་བཞིན་ཡང་རྟོགས། “རིག་གཞུང་སྤེལ་རེས”ཀྱི་བྱེད་སྒོའི་འབོད་སྐུལ་འོག ཕན་པ་ཆེན་པོ་ཐོབ་མཁན་སློབ་མ་ཚོས་གྲོང་ཚོའི་སྤྱི་ཕན་དཔུང་ཁག་ནང་ཞུགས་ནས་རང་འགུལ་ངང་བུ་བཅོལ་ཁང་གི་སློབ་མར་སློབ་ཚན་གསབ་ཁྲིད་དང་ནང་མིར་རྒྱལ་ཁབ་ཀྱི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་སོགས་བྱས་ནས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་སྤྱི་ཚོགས་ཀྱི་དྲིན་གསོ་གི་ཡོད།
     འགན་འཁུར་བ་དེས“ང་ཚོས་ཁོང་ཚོར་དཔེ་ཀློག་དང་རྩོམ་འབྲིར་ཆ་རྐྱེན་བཏོད་པ་ནི་ཁོང་ཚོས་བརྩམས་ཆོས་ཁག་གཅིག་འདོན་ཐུབ་རེ་བྱེད་ཀྱི་མེད་པར་ཁོང་ཚོས་རྩོམ་བྲིས་ནས་གྲོང་གསེབ་ཏུ་འཚོ་བ་སྐྱེལ་མཁན་གཞོན་ནུའི་འཚོ་བ་སྐྱེལ་སྟངས་དང་འདུ་ཤེས་བརྒྱུད་སྤྲོད་བྱེད་རེ་ཡོད། གྲོང་གསེབ་ཏུ་ལས་ཞོར་དུས་ཚོད་ལ་ཉི་མ་བསྲོ་བ་དང་། སྐད་འཕྲིན་ལ་མགོ་འཁོར་བ། བརྙན་འཕྲིན་ལྟ་བ་བཅས་ཕུད། ད་དུང་འཚོ་བ་སྐྱེལ་སྟངས་གཞན་ཞིག་ཡོད་པ་དེ་ནི་དཔེ་ཀློག་དང་རྩོམ་འབྲི་རེད། དེ་ནི་ང་ཚོས་བརྩི་བཀུར་བྱེད་འོས་པའི་འཚོ་བ་སྐྱེལ་སྟངས་ཤིག་རེད”ཅེས་བཤད།