འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་15ཉིན།

༄༅།ཧྲན་ཏུང་གི་མཚོ་སྐྱོར་ལས་དོན་གྱིས། མཚོ་བྱང་གི་ཡུལ་སྐོར་ས་ཁོངས་ཧྲིལ་པོ་དང་གཏིང་ཟབ་ཀྱི་
ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་15ཉིན། 11:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རེས་འཁོར་གསར་པའི་ཡུལ་སྐོར་ལ་བརྟེན་ནས་མཚོ་སྐྱོར་བྱེད་པའི་གཞི་རྩའི་འཐབ་ཇུས་གཏན་འཁེལ་བྱས་པ་དང་། འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་བྱས་པ། ཡུལ་སྐོར་ལས་དོན་ཁང་མཉམ་ལས་གཏིང་ཟབ་བྱེད་པར་ཤུགས་སྣོན་བརྒྱབ་པ། གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་སོགས། 2016ལོའི་ཟླ་7པ་ཚུན་དུ་ཧྲན་ཏུང་ཞིང་ཆེན་གྱི་ཁག་གསུམ་པའི་མཚོ་སྐྱོར་ལས་བྱེད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། བརྟག་ཞིབ་གཏིང་ཟབ་དང་། ལེགས་ཆ་གནད་འཁེལ་ངང་འཚོལ་བ། བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་ཡུལ་སྐོར་ཐོན་ལས་མཚོ་བྱང་གི་སྒུལ་ནུས་བསྒྱུར་བའི་སྒུལ་ཤུགས་གསར་པ་དང་། ཐོན་ལས་དབུལ་སྐྱོར་གྱི་འདེགས་སྐྱོར་གསར་པ། ལས་ཞུགས་ལ་བསྡུ་བའི་ཆུ་གསོག་རྫིང་བུ། མཐུན་སྒྲིལ་ཟབ་གཏོང་གི་སྒུལ་བྱེད་འཕྲུལ་ཆས་བཅས་སུ་ཧུར་ཐག་འགྱུར་བ་བྱས་ཡོད།
     ཧྲན་ཏུང་གི་འགྲུལ་ཁུངས་ཁྲོམ་ར་ཆེན་པོར་བརྟེན་ནས་ན་ནིང་ཟླ་8པ་ནས་བཟུང་། ལོ་རེར་ཐེངས་རེའི“ཧྲན་ཏུང་བ་ཁྲི་བཅུས་མཚོ་བྱང་བསྐོར་བའི”བྱེད་སྒོས་མཚོ་སྔོན་དང་ཧྲན་ཏུང་དབར་གྱི་ཡུལ་སྐོར་ལས་དོན་ཁང་སྤེལ་རེས་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཧྲན་ཏུང་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ཧྲན་ཏུང་ཡུལ་སྐོར་ལས་དོན་ཁང་གིས་མཚོ་སྔོན་དང་མཚོ་བྱང་གི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ལ་སྐུལ་ལྕག་དང་སྐུལ་འདེད་བཏང་བ་མ་ཟད། ཝུའེ་ཧའེ་དང་། ལིན་དབྱི། ལེའོ་ཁྲེང་། པིན་ཀྲོའུ་སོགས་ཁ་གཏད་གྲོང་ཁྱེར་གྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་བྱེད་སྒོར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་པ་རེད།
     མཚོ་བྱང་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད། མཚོ་བྱང་ཀྲོའུ་ཡུལ་སྐོར་ཅུས་ཀྱིས་ཧྲན་ཏུང་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཀྲོའུ་དང་A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་གསོ་སྦྱོང་འཛིན་གྲྭ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོ་སྦྱོང་འཛིན་གྲྭ ཡུལ་སྐོར་ལས་རིགས་དོ་དམ་གསོ་སྦྱོང་འཛིན་གྲྭ ལས་ཞུགས་ཐུབ་མེད་པའི་མི་སྣའི་ཡུལ་སྐོར་ལས་སྒོའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སོགས་གསོ་སྦྱོང་འཛིན་གྲྭ་ཐེངས་10ལྷག་ཙམ་གཉེར་བ་དང་། གསོ་སྦྱོང་ནང་ཞུགས་མཁན་གྲས་སུ་སྲིད་གཞུང་གི་ཇུས་ཐག་གཅོད་མཁན་དང་། ལས་རིགས་དོ་དམ་པ། ལས་གཉེར་པ། དེ་བཞིན་ལས་ཞུགས་ཐུབ་མེད་པའི་མི་སྣ་བཅས་ཚུད་པ་དང་མི་ཐེངས་2000ལྷག་ལ་ཕན་པ་ཐོབ་ཡོད། ན་ནིང་གི་ཟླ་9པར་ལིན་དབྱི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཧེ་ཡན་རྫོང་གི་ཡུལ་སྐོར་ལས་སྒོའི་རྐང་འཛིན་པ་5གསོ་སྦྱོང་ནང་ཞུགས་རྒྱུར་དམིགས་སུ་བཀར་ནས་གདན་ཞུ་བྱས་ཡོད། 2018ལོའི་ཟླ་4པར་ཧེ་ཡན་རྫོང་གི་རིག་གནས་དང་། ལུས་རྩལ། རླུང་འཕྲིན། གློག་བརྙན། བརྙན་འཕྲིན། ཡུལ་སྐོར་བཅས་ཀྱི་ལྟ་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་ནས་ལིན་དབྱི་རུ་བསྐྱོད་དེ་སློབ་སྦྱོང་དང་ས་གནས་ས་ཐོག་ཏུ་ཉམས་མྱོང་དངོས་སྦྱོང་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་1པོ་ནས་10པའི་བར། མཚོ་བྱང་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་954ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་32.4བྱུང་བ་དེ་དུས་མཚུངས་ལས་14%དང་25%སོ་སོར་འཕར་ཡོད།