འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅༎ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་སྔོན་དཔག་ལྟར་ན་58.5%ལྷག་ཙམ་ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་པེ་ཅིང་དུ་འཚོགས་པའི་2019ལོའི་རྒྱལ་ཡོངས་ཚན་རྩལ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ན་ནིང་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཧ་ཅང་ཆེ་རུ་ཕྱིན་པ་དང་། གསར་གཏོད་ཀྱི་དམིགས་ཚད་གཙོ་བོ་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ཚན་རྩལ་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་ཕན་འབྲས་གསར་པ་ཐོབ་པ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་གསར་པ་སྤོས་ཡོད།
     ཚན་རྩལ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཝང་ཀྲེ་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་སྤྱི་ཚོགས་ཡོངས་ཀྱིས་ཞིབ་འཇུག་དང་གསར་སྤེལ་ལ་གཏོང་ཆ་བཏང་བ་དེས་GDPཡི་བསྡུར་ཚད་བཟུང་ཚད་སྔོན་དཔག་ལྟར་ན་2.15%ཟིན་ཡོད། ཞིབ་སྤེལ་མི་སྣའི་བསྡོམས་གྲངས་སྔོན་དཔག་ལྟར་ན་ལོར་མི་ཁྲི་418ཟིན་པ་དང་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད། རང་རྒྱལ་གྱི་རྒྱལ་སྤྱིའི་ཚན་རྩལ་དཔྱད་རྩོམ་གྱི་གྲངས་འབོར་དང་ལུང་འདྲེན་ཐེངས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། ཁེ་བེད་བདག་ཐོབ་ཀྱི་གསར་སྤེལ་རེ་ཞུ་བྱེད་ཚད་དང་འགན་དབང་སྤྲོད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། མཐོ་གསར་ལག་རྩལ་གྱི་ཁེ་ལས་ཁྲི་18.1ཟིན་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་13ལྷག་ཙམ་ཟིན་པ། རྒྱལ་ཡོངས་ཀྱི་ལག་རྩལ་གན་རྒྱའི་ཚོང་འགྲིག་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་1.78ཟིན་ཡོད་པ་རེད། སྔོན་དཔག་ལྟར་ན་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་58.5%ལྷག་ཙམ་ཟིན་པ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་ཀྱི་འཇོན་ཐང་འཛམ་གླིང་གི་ཨང་17ལ་སླེབས་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་རྨང་གཞིའི་མདུན་ས་དང་འཐབ་ཇུས་ཀྱི་མཐོ་གསར་ལག་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐད་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོན་པ་སྟེ། “ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན”གྱི་འཚོལ་ཞིབ་ཡོ་ཆས་སའི་གོ་ལའི་རྒྱབ་ངོས་སུ་བདེ་བླག་ངང་བབས་པ་དང་། རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་སྐམ་མཚོ་གཉིས་འབབ་ཀྱི་གནམ་གྲུ་ཆེ་གྲས་ཐོག་མར་ཆུ་ཐོག་ནས་འཕུར་བ། “བྱང་སྐར་སྤུན་བདུན་རྟགས་ཅན་ཨང་གསུམ་པའི”ཞིབ་ཕྲའི་མ་ལག་བསྐྲུན་ཟིན་པ་སོགས་རེད། མཐོ་གསར་ཁུལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཅིང་། 2018ལོར་མཐོ་གསར་ཁུལ་168ལ་སྔོན་དཔག་ལྟར་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་33བྱུང་བ་དང་། ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.3ཟིན་པ། ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ཟིན་པ། དངོས་སུ་འཇལ་བའི་ཁྲལ་འབབ་སྒོར་དུང་ཕྱུར་ཁྲི་1.7ཟིན་པ། གླིང་ཁུལ་དུ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་40ལྷག་ཙམ་ཟིན་ཡོད།
     གཞན་ཡང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཞིང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་ཀྱི་མནའ་འབྲེལ་བཙུགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་ན་གཞོན་ཚན་རིག་མཁས་ཅན་700ཙམ་གྱིས་ཀྲུང་གོར་ཡོང་ནས་ཚན་རིག་ཞིབ་འཇུག་ལ་དུས་ཡུན་རྒྱབ་སྐྱོར་བྱས་པ། “རྒྱུད་གཅིག་ལམ་གཅིག”གི་མཉམ་འབྲེལ་ཚོད་ལྟ་ཁང་ཁག་དང་པོ་གྲ་སྒྲིག་བྱས་ནས་བཙུགས་པ་རེད། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་ལས་ཀའི་འཐུས་མཆན་ལག་ཁྱེར་གྱི་ལམ་ལུགས་དང་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་རྒྱལ་གྲོལ་ཐོངས་མཆན་ལམ་ལུགས་གྱི་ལག་ལེན་བསྟར་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཤེས་ལྡན་མི་སྣའི་ལས་ཀའི་འཐུས་མཆན་ལག་ཁྱེར་ཁྲི་33.6སྤྲད་པ་དང་ཤེས་ལྡན་མི་སྣའི་རྒྱལ་གྲོལ་ཐོངས་མཆན་3000ཙམ་སྤྲད་པ་རེད།
     ཝང་ཀྲེ་ཀང་གིས་ལོ་གཅིག་རིང་ཚན་རྩལ་བྱ་གཞག་ལ་འཕེལ་རིམ་གསར་པ་བྱུང་ཡོད། འོན་ཀྱང་དུས་བབ་གསར་པ་དང་འགྲན་སློང་གསར་པར་རང་རྒྱལ་གྱི་ཚན་རྩལ་ཁྱབ་ཁོངས་སུ་སྔར་བཞིན་ཞན་ཆ་དང་ཧེ་བག་ལྡན་ཡོད། དེ་ལས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལམ་སྲོལ་དང་། གསར་གཏོད་ནུས་པ་འཛུགས་སྐྱོང་། མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས། སྣོད་བཅུད་གསར་གཏོད་སོགས་ལ་མི་འདང་བའི་ཆ་མངོན་ཡོད་ཅེས་བཤད།