འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅༎ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་མཉམ་ལས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་
ཡང་དག་པའི་གདམ་ག་འབའ་ཞིག་དེ་རེད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྱི་2019ལོའི་ལོ་འཁོར་གྱི་དགོང་མོའི་གསོལ་སྟོན་ཐོག་ཤིས་ཚིག་བརྗོད་སྐབས་ཀྲུང་གོས་མུ་མཐུད་ཨ་རི་དང་མཉམ་ལས་བྱས་ཏེ་སྟོབས་ཤུགས་ཆེ་ལ་བརྟན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དང་མཉམ་ལས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཡང་དག་པའི་གདམ་ག་འབའ་ཞིག་དེ་རེད་ཅེས་བརྗོད་པ་རེད།
     ཚུའེ་ཐེན་ཁའེ་ཡིས་འདས་ཟིན་པའི་ལོ་40ཡི་ནང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཀྱི་གཏམ་རྒྱུད་བཀོད་པ་མ་ཟད། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་གཏམ་རྒྱུད་ཀྱང་བཀོད་ཡོད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་ཨའི་འབྲེལ་བ་རྒྱུན་གཏན་ཅན་དང་དེ་བཞིན་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་ཡོངས་ལ་བདེ་སྐྱིད་བསྐྲུན་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་འདས་ཟིན་པའི་ལོ་40ཡི་ནང་འཕོ་འགྱུར་ཆེན་པོ་བྱུང་བ་དེས་ཀྲུང་ཨའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། “སྐད་ཅིག་ཙམ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བའི་འཛམ་གླིང་འདིར་ང་ཚོས་མཉམ་ལས་དམ་ཟབ་བྱེད་དགོས་པ་ལས་དེ་ལས་ལྡོག་མི་རུང”ཞེས་བརྗོད་པ་རེད།
     ཚུའེ་ཐེན་ཁའེ་ཡིས་ཀྲུང་གོས་ཨ་རི་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱས་ཏེ་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་གཙོ་བོར་བྱེད་པའི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་མུ་མཐུད་གཞོལ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
     ཁོང་གིས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་དངོས་སུ་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བ་སོགས་དུས་སྐབས་གལ་ཆེན་ཞིག་ཡིན་ལ་ཀྲུང་ཨ་ཕྱོགས་གཉིས་པོས་འབྱུང་འགྱུར་ལ་རྒྱང་ལྟ་དང་འཆར་འགོད་བྱས་ཏེ་དེ་བས་གྲུབ་འབྲས་ཐོབ་པའི་འགོ་འཛུགས་ས་གསར་པར་སྐྱོད་པ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
     ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་སྤྱི་ཡོངས་ལ་བསམ་གཞིག་དང་། སྒོ་དབྱེ་རྒྱུན་འཁྱོངས། ཡིན་མིན་གསལ་འབྱེད་བཅས་བྱེད་དགོས། རྒྱལ་སྤྱིའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་ལ་གཏོར་བཤིག་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཁྲོམ་ར་ཁ་ཕྲལ་གཏོང་བ། ཀྲུང་ཨའི་དཔལ་འབྱོར་འབྲེལ་ཐག་གཅོད་པ། “རྒྱལ་ཕམ”འགྲན་རྒོལ་འུད་སྒྲོག་བྱེད་པ་དང་ཐ་ན“འཇམ་འཐབ་གསར་པ”སྤེལ་མཁན་ལ་འདི་ལྟར་བྱེད་མི་ཆོག་ཅེས་བརྗོད་ཕོད་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
     ཚུའེ་ཐེན་ཁའེ་ཡིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་ཇེ་ཆེར་འགྲོ་བ་དང་། ལག་རྩལ་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟར་འགྲོ་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་དར་རྒྱས་འགྲོ་བ་སོགས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱིས་ཧ་ཅང་གཏིང་ཟབ་པའི་བྱེད་ཐབས་ཐོག་ནས་འཛམ་གླིང་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོར་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་མཁོ་འདོན་བྱེད་བཞིན་ཡོད། འཕེལ་ཕྱོགས་དེ་དང་བསྟུན་རྒྱུ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པ་ཞིག་ཡིན་པ་དང་འཕེལ་ཕྱོགས་དེ་དང་བསྟུན་ཚེ་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་གོ་སྐབས་གསར་པ་གང་ལེགས་སྤྱོད་ཐུབ་སྟེ་ཆུ་བོ་རྒྱས་ན་གྲུ་གཟིངས་མཐོ་ཞེས་པ་ལྟར་རང་ངོས་འཕེལ་རྒྱས་གཏོང་ཐུབ་ཅེས་བརྗོད་པ་རེད།