མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། 《ཀྲུང་གོ་གུང་ཁྲན་ཏང་གི་
སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ། 
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་29ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་27ཉིན་ཚོགས་འདུ་འཚོགས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
            ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》དེ་ཏང་ནང་ཁུལ་གྱི་གཞི་རྩའི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་ཐད་གཏན་འབེབས་བྱས་ནས་དུས་ཡུན་རིང་པོའི་ནང་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་འཁྲིད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་ལམ་ལུགས་ཀྱི་གྲུབ་འབྲས་ལ་བསྒྱུར་བ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་གཏན་འབེབས་བཞིན་ཏང་སྐྱོང་རྒྱུ་ནུས་ལྡན་གཅིག་གྱུར་ཡོང་བར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
             ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པར་ལེ་ལག་ཚང་བའི་གཏན་འབེབས་བཟོ་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་འགག་རྩ་ནི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་སྒོ་ནས་སྲིད་ཁྲིམས་ལས་དོན་དེ་ཡང་དག་པའི་ཕྱོགས་སུ་སྤེལ་རྒྱུའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ས་གནས་དེ་གའི་སྲིད་ཁྲིམས་ལས་དོན་ལ་འགོ་འཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་ཁྲིམས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་ཡག་པོ་བྱེད་དགོས། ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་། སྤྱི་འདོམས་མཐུན་སྦྱོར། དོན་འཁྱོལ་ལ་ལྟ་སྐུལ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུད)ཡིས་ཚན་པ་དེ་གའི་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་རེད།
           ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་གཅིག་གྱུར་ཡིན་ཞིང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ་མི་དམངས་ལ་གཞི་ནས་རང་ཐག་རང་གཅོད་ཐུབ་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཚོ་བ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་ལ་གཞི་ནས་གོ་རིམ་ལྡན་པའི་ངང་སྐུལ་མ་གཏོང་ཐུབ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་བཞིན་རང་ཚུགས་གཞུང་དྲང་ངང་འགན་དབང་སྤྱོད་རྒྱུའི་འགན་ལེན་བྱ་རྒྱུ་ནི་ཏང་གི་འདོད་ཚུལ་ཁ་གསལ་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་སྲིད་ཁྲིམས་ལས་ཁུངས་ལ་ཁྲིམས་བཞིན་རང་ཚུགས་གཞུང་དྲང་ངང་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། སྲིད་ཁྲིམས་ཚན་པ་ཁག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གཞིགས་ཏེ་རང་ཚུགས་ངང་འགན་འཁུར་བ་དང་མཐུན་སྦྱོར་གཅིག་གྱུར་ཡོང་བའི་སྒོ་ནས་ལས་དོན་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

  
style="display:none;"