འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་16ཉིན།

༄༅།།དཀར་མཛེས་ཀྲོའུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲངས་འབོར་དང་རྒྱ་ཁྱོན་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་16ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། དཀར་མཛེས་ཀྲོའུ་ཡིས་རང་བྱུང་སྲུང་སྐྱོང་ཁུལ་44བསྐྲུན་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་དང་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 
         དཀར་མཛེས་ཀྲོའུ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་དང་། སི་ཁྲོན་དང་ཡུན་ནན་གྱི་སྣོད་བཅུད་སྲུང་ཡོལ་གྱི་ལྟེ་བའི་ས་ཁོངས། རང་རྒྱལ་གྱི་རང་བྱུང་སྣོད་བཅུད་ཆ་ཚང་ཤོས། གནམ་གཤིས་མཚོན་ཁུལ་གྱི་ཐིག་རིས་དང་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཁྱབ་ཁུལ་མང་ཤོས་ཀྱི་ས་ཁུལ། རང་རྒྱལ་གྱི་རང་བྱུང་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་གལ་ཆེན། འཛམ་གླིང་ས་མཐོའི་ཁུལ་གྱི་སྐྱེ་དངོས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་བཅས་ཡིན་པས“རྩ་ཆེན་སྐྱེ་དངོས་ཀྱི་གཞི་རྒྱུའི་བང་མཛོད”ཅེས་འབོད་སྲོལ་ཡོད། དེ་གའི་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། 2017ལོར་ཀྲོའུ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་33.9%ཟིན་པ་དང་སི་ཁྲོན་ཞིང་ཆེན་གྱི་གདོད་མའི་ནགས་ཚལ་གལ་ཆེན་གྲས་ཤིག་རེད། ཀྲོའུ་ཡོངས་ཀྱི་རང་བྱུང་རྩྭ་ཐང་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་61.7%ཟིན་ཡོད། ཀྲོའུ་ཁོངས་སུ་ས་མཐོའི་འདམ་ར་དང་མཐོ་གྲང་སྤང་ཐང་འདམ་ར། གཙང་འགྲམ་དང་ནགས་འགྲམ་འདམ་ར། མཚེའུའི་འདམ་ར་སོགས་འདམ་ར་རིགས་ཆེ་གྲས་གསུམ་ཡོད་པ་དག་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་88.8ཟིན་ནས། རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་5.8%བཟུང་ཡོད། ཀྲོའུ་ཁོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་44བསྐྲུན་པའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་4.02ཟིན་ནས་ཀྲོའུ་ཡོངས་ཀྱི་རྒྱ་ཁྱོན་གྱི་26.3%བཟུང་ཡོད། དེ་བརྒྱུད་ནས་རིགས་ཅུང་འཐུས་སྒོ་ཚང་བ་དང་ཁྱབ་ཚུལ་ཅུང་ལུགས་དང་མཐུན་པའི་སྣོད་བཅུད་སྲུང་སྐྱོང་དྲ་བ་ཞིག་ཆགས་པ་མ་ཟད། ད་དུང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་དང་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 
         ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་གོ་སྐབས་སུ་བྱས་ཏེ། ས་ཁོངས་ཀྱི་ལེགས་ཆ་དང་སྣོད་བཅུད་ཁོར་ཡུག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་འགོད་པ་དང་བརྟན་སྲུང་བྱེད་པ། རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་པ། སྒྲིག་སྲོལ་ལམ་སྲོལ་ནུས་ལྡན་ངང་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་འཁོར་རྒྱུག་ནུས་ལྡན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་རྣམ་པ་ལེགས་སུ་གཏོང་བ། ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་བ། མི་སྡོད་སའི་ཁོར་ཡུག་ལེགས་སུ་གཏོང་བ། སྣོད་བཅུད་རིག་གནས་དར་སྤེལ། ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་2023ལོར་དཀར་མཛེས་ཀྲོའུ་ཡི་རྒྱལ་ཁབ་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་ཁུལ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ། དཀར་མཛེས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སླེབས་པ་བཅས་ཀྱི་འགན་ལེན་བྱས་ཡོད།