འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་14ཉིན།

༄༅།།ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་14ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ཕན་ལོ་ཤས་རིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་འཕེལ་རྒྱས་ལ་སྐུལ་གཏོང་དང་ཡུལ་བབ་དང་བསྟུན་ནས་ཐོན་ལས་དར་རྒྱས་གཏོང་བའི”ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བྱེད་ཐབས་སྤྱོད་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་བསྐྱེད་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ་བཅས་བྱས་པས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་ནུས་པ་ཆེ་རུ་བཏང་བ་རེད། མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ་62ཁྲོད་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བརྟན་པོ་ཡོད་པའི་མཉམ་སྡེབ་18ཡོད་པའི་ནང་མཉམ་སྡེབ་3གྱི་གཞི་ཁྱོན་སྒོར་ཁྲི་500ལས་བརྒལ་བ་དང་། མཉམ་སྡེབ་3ལ་སྒོར་ཁྲི་100ནས་ཁྲི་500བར་ཟིན་པ། མཉམ་སྡེབ་6ལ་སྒོར་ཁྲི་20ནས་ཁྲི་100བར་ཟིན་པ། མཉམ་སྡེབ་6ལ་སྒོར་ཁྲི་20མན་ཟིན་པ་བཅས་བྱུང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་རེད།
          ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་དོན་ཞིག་ལ་བརྩིས་པ་དང་། འཆར་འགོད་ཀྱིས་སྐུལ་ཁྲིད་དང་། སྲིད་ཇུས་ཀྱིས་ཡར་སྐུལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སྐུལ་སྤེལ་བཅས་བྱེད་པ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་ངང་བསྐྲུན་པ་རེད། རོགས་སྐྱོར་ཚན་པ་ཁག་གིས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་310དོན་འཁྱོལ་བྱས་པར་རྣམ་གྲངས་མ་དངུལ་སྒོར་ཁྲི་4264.7ཟིན་པ་དང་། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཁྲོད། གྲོང་ཁྱེར་ཡོངས་ཁུལ་ཆེན་བཞིར་དབྱེ་བ་དང་། ཡུལ་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་འབྲེལ་མཚམས་ཀྱི“ཐར་མདའི་དཔེ་དབྱིབས”དང་། འབྲོག་ལས་རྐྱང་པའི་ཁུལ་གྱི“རྫ་མདོའི་དཔེ་དབྱིབས”འགྲིམ་འགྲུལ་ལྟེ་བའི་ཁུལ་གྱི“སྐར་མདའི་དཔེ་དབྱིབས”དང“ཐེའུ་རོང་རྒྱུད་ཀྱི་དཔེ་དབྱིབས” གྲོང་ཁུལ་གྱི“བཀྲ་ཤིས་དར་ཐང་དཔེ་དབྱིབས”བཅས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་གསར་པ་བཞི་བཏོད་ཡོད་པ་རེད།