འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་7ཉིན།

༄༅།།ཀན་སུའུ་ནས་མཚོ་སྔོན་བར་གྱི“བགྲོད་ལམ་གསར་པ”སྟེ། ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་
མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་07ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “ལོ་4རེ་སྒུག་བྱས་པའི་གཞུང་ལམ་གཞི་ནས་ཤར་གཏོང་ཐུབ་སོང” ཟླ་11ཚེས་30ཉིན་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་འབྲེལ་བའི་གཙོ་གནད་གཞུང་ལམ་རྣམ་གྲངས་ཏེ། ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་སྟེ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་བར་གྱི་མྱུར་བགྲོད་གཞུང་ལམ་གསར་པ་ཞིག་ཏུ་གྱུར་ཡོད།
         “ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་འཆར་འགོད་བྱས་པའི‘3410མྱུར་བགྲོད་གཞུང་ལམ་དྲ་བའི’གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་57.286ཡོད་པ་དང་། ཁ་ཕྱོཌ་གཉིས་བགྲོད་ལམ་4ཡི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་སྤྱད་པ། འཆར་འགོད་མྱུར་ཚད་ལ་ཆུ་ཚོད་རེར་སྤྱི་ལེ་80གཏོང་ཆོག་པ་བཅས་རེད”ཅེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐེ་ཅུན་གྱིས་བཤད་པ་དང་། ཁོང་གིས་ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་བསྐྲུན་ཟིན་པའི་ཡ་རྫི་རྫོང་ནས་རོང་བོ་འགག་བར་གྱི་མྱུར་བགྲོད་གཞུང་ལམ་གཞི་གཅིག་ཏུ་འབྲེལ་ཡོད། སྐབས་དེ་དུས། མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིཌ་རང་སྐྱོང་རྫོང་ནས་ཀན་སུའུ་ཞིང་ཆེན་ལིན་ཞ་ཧུད་རིཌ་རང་སྐྱོང་ཀྲོའུ་བར། ཆུ་ཚོད1ལས་འགོར་གྱི་མེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་ཡ་རྫི་རྫོང་བར་ཆུ་ཚོད་2ལ་སླེབས་ཀྱི་ཡོད་ཅེས་བཤད།
       “རྒྱལ་ཡོངས་སུ་ས་ལར་རིགས་རང་སྐྱོང་རྫོང་འབབ་ཞིག་ཡིན་པའི་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་མི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་དང་རང་བྱུང་གི་མཛེས་ལྗོངས་ཡིད་དབང་འཕྲོག་པ་སོགས་ཡོད། འོན་ཀྱང་འགྲིམ་འགྲུལ་སྟབས་བདེ་མེད་པས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་གང་ལེགས་སྤྱད་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་ཀྱི་མེད”ཅེས་ཀྲང་ཐེ་ཅུན་གྱིས་བཤད་པ་དང་། ཁོང་གིས་ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་བར་དཔལ་འབྱོར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་། ས་ཁོངས་ལམ་དྲའི་གྲུབ་ཆ་ལེགས་གཏོང་། ལམ་རྒྱུད་ཀྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད། རྨ་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཚོད་འཛིན་ལས་གྲྭ་གལ་ཆེན་ཞིག་ཡིན་ཞིང་། རིང་ཚད་ཧྲིལ་པོར་སྨི་2586ཡོད་པའི་འོག་ལུང་ཕུག་ལམ་དང་པོ་ནི་ནུབ་བྱང་ས་ཁུལ་གྱི་དུང་འཁྱིལ་དབྱིབས་ཅན་གྱི་ཕུག་ལམ་ཐོག་མ་དེ་ཡིན་པ་རེད། ཀྲུང་གོ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་བདག་སྐྱོང་ཚོགས་པ་ཚད་ཡོད་ཀུང་སིའི་ཏ་ལི་ཅ་རི་བོ་ནས་ཡ་རྫི་བར་གྱི་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་ལེན་ཞའོ་ཧྥེ་ཡིས་ཕུག་ལམ་ཧྲིལ་པོའི་འཆར་འགོད་གྱེན་གཟར་པོ་མེད་པའི་དུང་འཁྱིལ་དབྱིབས་ཅན་གྱི་ཕུག་ལམ་ཞིག་ཏུ་བཅོས་ནས། དེ་དང་འདྲ་བའི་འཁྱིལ་དབྱིབས་སྐས་འཛེགས་འཆར་འགོད་བྱས་ཏེ་སྨི་150ཟིན་པའི་མཐོ་དམའི་ཁྱད་པར་བསལ་ནས་རླངས་འཁོར་བསྐྱོད་པའི་བདེ་འཇགས་ཆེ་རུ་ཤུགས་ཆེན་བཏང་ཡོད་ཅེས་བཤད།