འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་3ཉིན།

༄༅།།ལུས་སྦྱོང་སྣ་མང་གིས་རྒན་རྒོན་གྱི་འཚོ་བར་སྤྲོ་བ་འཕེལ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཉིན་ལྟར་ཞོགས་ཟས་བཟས་རྗེས་ཕག་མོ་ཚེ་རིང་གིས་ཁྱིམ་དང་ཐག་མི་རིང་བའི་སར་ཡོད་པའི་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ་འཆམ་འཆམ་དུ་ཕྱིན་ནས་ཐའེ་ཅི་ཆོན་ལ་དགའ་པོ་བྱེད་མཁན་100ལྷག་དང་མཉམ་དུ་ལུས་སྦྱོང་བྱེད་ཀྱི་ཡོད།
           དགུན་ཚུགས་རྗེས་གངས་ཐེངས་འགའ་བབ་པས་མཚོ་སྔོན་གྱི་མཁའ་རླུང་གྲང་དུ་ཕྱིན། འོན་ཀྱང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་རྒན་རྒོན་ཚོའི་ལུས་སྦྱོང་གི་སྤྲོ་སེམས་ལ་འགོག་རྐྱེན་བཟོས་མེད་པར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྤྱི་གླིང་དང་། ཐང་ཆེན། ལུས་རྩལ་ཁང་ཆེ་ཆུང་སྣ་ཚོགས་སུ་སྒོར་གཞས་དང་། ཐའེ་ཅི་ཆོན། སྐུད་འདྲིལ་རྩེད་འཁོར། མདའ་འཕེན་སོགས་ཁྱད་ཆོས་སྣ་ཚོགས་ལྡན་པའི་རྒན་རྒོན་གྱི་ལུས་སྦྱོང་རུ་ཁག་གིས་དགུན་དུས་ཀྱི་ས་མཐོར་ཡུལ་ལྗོངས་མི་འདྲ་བ་ཞིག་བསྣན་ཡོད་པ་རེད།
         སོལ་དལ་གྱི་འགྱུར་ཁུགས་དང་བསྟུན་ནས་ཕག་མོ་ཚེ་རིང་གིས་ཐའེ་ཅི་ཆོན་རུ་ཁག་གི་སྣེ་ཁྲིད་དེ་སྦྱོང་བརྡར་བྱེད་འགོ་ཚུགས། 2010ལོར་རྒན་ཡོན་ཞུས་རྗེས་ཁོང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཟི་ལིང་དུ་སྤོས་པ་དང་འཚོ་བ་སོས་དལ་བག་ཕེབས་བསྐྱལ་ཡང་སྐབས་འགར་ཧ་ཅང་ཡུལ་པོ་ཡོད་པ་རེད། “ལས་ཀར་འགྲོ་མི་དགོས་པ་ནས་བཟུང་ཁྱིམ་དུ་ཡང་ལས་ཀ་གཞན་མེད་པས། རྒྱུན་དུ་གཉིད་ལྕོག་རྒྱག་གི་འདུག”རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་གཟུགས་པོར་སྦྱོང་བརྡར་བྱ་ཆེད། ཁོང་མཚོ་སྔོན་ཞིང་ཆེན་རྒན་རྒོན་ལུས་རྩལ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཐའེ་ཅི་ཆོན་རུ་ཁག་ནང་ཞུགས་ཏེ། ལུས་རྩལ་སྦྱོང་བ་དང་། གྲོགས་པོ་སྒྲིག་པ། བྱེད་སྒོར་ཞུགས་པ་བཅས་བྱས་སྟབས་འཚོ་བར་འཕྲལ་མར་གསོན་ཤུགས་འཕེལ་ཡོད། ད་ཆ་ཐའེ་ཅི་ཆོན་གྱི་ལུས་སྦྱོང་དེ་ཕག་མོ་ཚེ་རིང་གི་ཆེས་དགའ་བའི“ལས་ཀ”ཞིག་ཏུ་གྱུར་པ་མ་ཟད། ཁོང་གིས་རང་འགུལ་ངང་ཚོགས་པའི་ཞོགས་སྦྱོང་དང་། འཁྲབ་སྟོན། འགྲན་ཞུགས་སོགས་སྒྲིག་འཛུགས་བྱེད་པའི་འགན་འཁུར་གྱི་ཡོད་པས་ཉིན་མོ་གཅིག་གང་འདྲ་བྱས་ནས་འགྲོ་བ་ཡང་ཚོར་གྱི་མེད།
         མཚོ་བོད་ས་མཐོར་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་ཡང་རྒན་རྒོན་ཚོས་དགའ་པོ་བྱེད་པའི་ལུས་སྦྱོང་བྱེད་སྟངས་ཤིག་ཡིན། ཉིན་གུང་གངས་འབབ་མཚམས་བཞག་མ་ཐག་ལོ་66ལ་སླེབས་པའི་ཡ་པ་ཅན་གྲོགས་པོ་ཁ་ཤས་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཆུ་མིག་དགུའི་སྤྱི་གླིང་དུ་མདའ་འཕེན་པར་ཡོང་།
         ཀྲུང་གོར་མདའ་འཕེན་ལུས་རྩལ་གྱི་ལོ་རྒྱུས་རིང་པོ་ཡོད་ཅིང་། བོད་རིགས་དང་། སོག་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་མདའ་འཕེན་རྒྱུར་དགའ་ལ་མཁས་པོ་ཡང་ཡོད་པ་རེད། མི་རིགས་ཁག་གི་རྒྱུན་འཛིན་འཕེལ་རྒྱས་བརྒྱུད། ད་ཆ་མདའ་འཕེན་དེ་མི་རིགས་ཀྱི་ཁྱད་ཆོད་ཟབ་མོ་ལྡན་ལ་རོལ་རྩེད་རང་བཞིན་ལྡན་པའི་མང་ཚོགས་ཀྱི་ལུས་རྩལ་དུ་གྱུར་ཡོད། མཚོ་སྔོན་དུ་མདའ་འཕེན་ལ་དགའ་པོ་བྱེད་མཁན་ཤིན་ཏུ་མང་བ་དང་ཟི་ལིང་ཁོ་ནར་མི་300ལྷག་གིས་མདའ་འཕེན་པ་དགའ་ཕྱོགས་ཤིག་ཏུ་བརྩིས་ནས་སྦྱོང་བཞིནཡོད་པ་རེད།
          ཡ་པ་ཅན་གནས་སའི་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་མདའ་འཕེན་མཐུན་ཚོགས་སུ་ཁོང་དང་འདྲ་བར་མདའ་འཕེན་རྒྱུར་དགའ་ཞེན་ཡོད་པའི་བགྲེས་སོང་40ལྷག་ཡོད། རྣམ་ཀུན་སྦྱོང་བརྡར་བྱེད་པ་མ་ཟད་ཁོ་ཚོ་ད་དུང་མདའ་འཕེན་རྒྱུར་འགྲན་བསྡུར་སྣ་ཚོགས་སུ་ཞུགས་རྒྱུར་དགའ་བ་དང་འཛམ་གླིང་ཡུལ་གྲུ་ཁག་གི་མདའ་འཕེན་རྒྱུར་དགའ་ཞེན་ཡོད་པ་དང་སྤེལ་རེས་བྱེད་ཀྱི་ཡོད། ད་ལོའི་ཟླ་9པར་མཚོ་སྔོན་དུ་གཉེར་བའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་དང་རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རྩེ་གྲའི་འགྲན་ཚོགས་སུ་རང་ཡུལ་གྱི་མདའ་འཕེན་རྒྱུར་དགའ་ཞེན་ཡོད་པའི་བགྲེས་སོང་བརྒྱ་ལྷག་ཞུགས་ཏེ། རྒྱལ་ཁབ་དང་ས་ཁུལ་22ཀྱི་བདམས་ཐོན་པ་དང་འགྲན་བསྡུར་བྱས་ནས་ས་མཐོའི་མདའ་པའི་ཉམས་བཟང་མངོན་པ་རེད།
          དགུན་དུས་མཚོ་སྔོན་གྱི“གྲང་ངར་གྱི་ཐོན་ཁུངས”ཀྱང་ལུས་རྩལ་ལུས་སྦྱོང་གི་དར་སྲོལ་གསར་པར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ས་གནས་དེ་གའི་ལེགས་ཆར་བརྟེན་ནས་གངས་ཤུད་ལུས་རྩལ་གོང་འཕེལ་བཏང་ནས་རིམ་གྱིས་གངས་ཤུད་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་སོང་བ་དང་། མང་ཚོགས་མང་པོར“གངས་ཤུད་གངས་རྩེད”ཀྱི་གོ་སྐབས་བྱུང་ཁར། བགྲེས་སོང་རྣམས་ལའང་ལུས་སྦྱོང་གི“ཐབས་ལམ་གསར་པ”ཡོད་པར་གྱུར།
         ད་ཆ་མཚོ་སྔོན་གྱི་ཟི་ལིང་དང་མཚོ་ཤར་སོགས་སུ་གངས་ཤུད་གློད་ས་བཅུ་ལྷག་ཙམ་བསྐྲུན་པས་མང་ཚོགས་དེ་བས་མང་བར་ལུས་སྦྱོང་དེའི་ནང་ཞུགས་རྒྱུའི་གོ་སྐབས་སྦྱིན་ཡོད། མཚོ་སྔོན་གོཏམ་རྒྱལ་སྤྱིའི་གངས་ཤུད་གློད་སའི་ཅིང་ལི་མ་ཅི་ཁྲེང་གིས་དགུན་དུས་ལས་གཉེར་བྱེད་འགོ་བཙུགས་ཚུན་ཉིན་ལྟར་མི་800ཙམ་གངས་ཤུད་གློད་པར་ཡོང་གི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་གསོ་སྐྱོང་དང་ལུས་རྩལ་གྱི་འགྲན་བསྡུར་ཆེ་གྲས་སྣ་ཚོགས་གཉེར་ཏེ་ས་མཐོའི་མང་ཚོགས་ཚོའི་སྣ་མང་ཅན་གྱི་ལུས་རྩལ་དང་ལུས་སྦྱོང་གི་དགོས་མཁོ་སྐོང་བཞིན་ཡོད་པ་རེད། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་མཚོ་སྔོན་དུ་རིན་མེད་དམ་ཡང་ན་རིན་པ་དམའ་བའི་སྒོ་དབྱེ་རྣམ་པའི་ལུས་རྩལ་ཁང་28ཡོད་ཅིང་། ཤང་གྲོང་དང་། སྲིད་འཛིན་གྲོང་ཚོ། སྡེ་ཁུལ་བཅས་སུ་ལུས་རྩལ་ལུས་སྦྱོང་བྱེད་ས་ཡོད་པ་དང་། དེའི་ནང་ལུས་རྩལ་ལུས་སྦྱོང་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད་པས། “རྫོང་གྲོང་དུ་ལྟེ་གནས་ཡོད་པ་དང་། ཤང་གྲོང་དུ་ཐང་ཆེན་ཡོད་པ། གྲོང་ཚོར་ལུས་སྦྱོང་ས་ཚིགས་ཡོད་པ། སྡེ་ཁུལ་དུ་ལུས་སྦྱོང་བྱེད་ས་ཡོད་པ”བཅས་མངོན་འགྱུར་བྱུང་སྟེ། ཅུང་འཐུས་སྒོ་ཚང་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཅིག་སྤྱིར་ན་ཆགས་ཡོད་པ་རེད།