འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་29ཉིན།

༄༅།།འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་ས་ཚིགས་བོད་ལྗོངས་མངའ་རིས་སུ་
སྒོ་བྱང་བཀལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་29ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་27ཉིན། “མངའ་རིས་གནམ་དཔྱད་ཚན་རྩལ་ཁྱབ་གདལ་ས་ཚིགས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་པེ་ཅིང་ཀྲུང་གོ་ཚན་རྩལ་ཁང་དང་བོད་ལྗོངས་མངའ་རིས་གནམ་དཔྱད་སྟེགས་བུ་གཉིས་ཀྱིས་དྲ་བའི་མཉམ་འགུལ་གྱི་བྱེད་ཐབས་བརྒྱུད་དེ་མཉམ་དུ་འཚོགས་པ་རེད། “མངའ་རིས་གནམ་དཔྱད་སྟེགས་བུའི་ཚན་རྩལ་ཁྱབ་གདལ་ས་ཚིགས”ཀྱི་ས་བབ་མཐོ་ཚད་སྨི་5100ཟིན་པ་དང་། ཀྲུང་གོ་ཚན་རྩལ་ཁང་གིས་རོགས་སྐྲུན་བྱས་པ་དང་རྒྱལ་ཁབ་གནམ་དཔྱད་སྟེགས་བུས་མཉམ་ལས་གཞོགས་འདེགས་བྱས་ཤིང་། ཀྲུང་གོ་ཚན་རྩལ་ཁང་དང་། བོད་ལྗོངས་ཚན་རྩལ་མཐུན་ཚོགས། མངའ་རིས་གནམ་དཔྱད་སྟེགས་བུ། མངའ་རིས་ས་ཁུལ་བཅས་ཀྱིས་མཉམ་དུ་ལག་བསྟར་བྱས་ཤིང་། དེ་ནི་ཚན་ཞིབ་དང་ཚན་རྩལ་ཁྱབ་གདལ་ཟུང་འབྲེལ་དམ་ཟབ་དང་ཐུན་མོང་མཉམ་ལས་ཀྱི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་བྱེད་ཐབས་ཤིག་རེད།
     ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚན་ཞིབ་ལ་བརྟེན་ནས་ཚན་རྩལ་ཁྱབ་གདལ་གཏོང་བ་དང་ཚན་རྩལ་ཁྱབ་གདལ་ལ་བརྟེན་ནས་ཚན་ཞིབ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བརྒྱུད། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚན་རྩལ་ཁྱབ་གདལ་ཐོན་ཁུངས་ཀྱི་གསར་སྤེལ་ལེགས་ཆ་དང་མངའ་རིས་གནམ་དཔྱད་སྟེགས་བུའི་ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་བཟང་པོ། ཚན་ཞིབ་གསར་གཏོད་ནུས་པའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། མངའ་རིས་གནམ་དཔྱད་སྟེགས་བུ་དེ་གནམ་དཔྱད་ལྟ་ཞིབ་ཚད་ལེན་དང་ཚན་རྩལ་ཁྱབ་གདལ་འགྲེམས་སློབ་གཞི་གཅིག་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་ཁྱད་ཆོས་ལྡན་པའི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་བསྐྲུན་ནས་རང་རྒྱལ་གྱི་ས་མཐོའི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་ས་ཚིགས་མེད་པ་ནས་ཡོད་པའི་བར་གྱི་ཚད་བརྒལ་མངོན་འགྱུར་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ས་ཚིགས་དེས་ད་དུང་ཉིན་བཞིན་ལེགས་སུ་འགྲོ་བའི་དྲ་སྦྲེལ་ལག་རྩལ་གང་ལེགས་སྤྱད་དེ་སྒོ་དབྱེ་མཉམ་འདྲེས་དང་། མཉམ་འགུལ་མཉམ་སྤྱོད། ཁྱད་ཆོས་མངོན་གསལ་བཅས་ཀྱི་དྲ་བའི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་སྟེགས་བུ་བསྐྲུན་རྒྱུ་རེད། སླད་ཕྱིན་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་གནམ་དཔྱད་ལ་མོས་པ་ཡོད་མཁན་ཚོས་རང་ཁྱིམ་ནས་སྟེགས་བུ་དེ་བརྒྱུད་དེ་བོད་ལྗོངས་ས་མཐོའི་མཛེས་པའི་སྐར་ཚོགས་དང་ངོ་མཚར་གྱི་ནམ་མཁའི་རྣམ་པ་ལྟ་ཐུབ་རྒྱུ་རེད།
     མངའ་རིས་གནམ་དཔྱད་སྟེགས་བུ་དེ་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཡོད་ཅིང་། 2010ལོར་བསྐྲུན་འགོ་ཚུགས་པ་དང་། ད་ཆ་ཁ་ཞེང་ལི་སྨི་25དང་ལི་སྨི་50བྱས་པའི་རྒྱང་ཤེལ་8ཡོད། དེ་ནི་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་སྟེགས་བུ་དང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་མཉམ་དུ་བསྐྲུན་པ་ཞིག་རེད། གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་ལེགས་པས་དེ་ཉིད་རང་རྒྱལ་གྱི་གནམ་དཔྱད་ལྟ་ཞིབ་ཚད་ལེན་དང་ཚན་ཞིབ་ཀྱི་རྟེན་གཞི་གལ་ཆེན་ཞིག་རེད། རང་རྒྱལ་གྱི་ཚན་རིག་མཁས་ཅན་ཚོས་མངའ་རིས་གནམ་དཔྱད་སྟེགས་བུར་བརྟེན་ནས་གྲུབ་འབྲས་ཐོབ་པའི་སྒོ་ནས་མོ་ཙེ་རྟགས་ཅན་སྲུང་སྐར་གྱི་ཚད་རྡུལ་གྲིབ་གཟུགས་བརྒྱུད་གཏོང་རྣམ་པའི་ཚོད་ལྟ་བྱས་པ་དང་འབྲེལ་འཇིག་རྟེན་གྱི་ཐོག་མའི་འདྲེན་ཤུགས་ཞིབ་དཔྱད་ཚོད་ལྟའི་ས་ཚིགས་སྐྲུན་བཞིན་ཡོད་ལ། གནམ་དཔྱད་ཚན་རིག་གི་འཆར་གཞི་རབ་དང་རིམ་པ་ལག་བསྟར་བྱེད་བཞིན་ཡོད། མངའ་རིས་གནམ་དཔྱད་སྟེགས་བུའི་ཐུན་མོང་མ་ཡིན་པའི་ས་གཤིས་ཀྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཚན་རྩལ་གསར་གཏོད་བྱེད་སྒོ་དེ་རང་རྒྱལ་གྱི་རྩ་ཆེའི་ཚན་རྩལ་ཁྱབ་གདལ་གྱི་ཐོན་ཁུངས་སུ་འགྱུར་རྒྱུ་རེད།