མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་ཀྲུང་ཕ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་
ལོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་22ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་སྔོན་མོའི་ཆུ་ལས་རིང་བ་ཡོད། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་སྔ་ཤོས་དང་ཕ་ལེ་སི་ཐན་གྱི་བཅིངས་འགྲོལ་རྩ་འཛུགས་ཁས་ལེན་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། ཕ་ལེ་སི་ཐན་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཀྱང་རེད། ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོར་སྤེལ་རེས་དང་མཉམ་ལས་བྱས་པར་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད། ངས་ཀྲུང་ཕའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ནས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་འདོད་ཡོད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་གི་དྲང་བདེན་བྱ་གཞག་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་1967ལོའི་ས་མཚམས་རྨང་གཞིར་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་སར་བརྩི་བ། བདག་དབང་ཡོངས་སུ་ལྡན་ལ་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་ཞི་བའི་གྲོས་མོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་གཞུང་དྲང་ངང་ཐག་གཅོད་སྔ་ཙམ་ཐུབ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     ཨ་པ་སིའི་རྟེན་འབྲེལ་གློག་འཕྲིན་ནང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་ང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག ཕ་ལེ་སི་ཐན་གྱི་མི་དམངས་དང་དེའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཀྲུང་གོས་ནུས་པ་མངོན་གསལ་དོད་པོ་དང་གལ་ཆེན་བཏོན་པར་བསྔགས་བརྗོད་ཆེན་པོ་བྱ་རྒྱུ་ཡིན། ཕ་ལེ་སི་ཐན་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་དང་སྲོལ་རྒྱུན་མཛའ་མཐུན་མུ་མཐུད་དར་སྤེལ་གཏོང་འདོད་འདུག ངས་སྔར་རྒྱུན་བཞིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་ཐུན་མོང་གི་རེ་བ་འགྲུབ་པ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
    ཉིན་དེ་རང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཕ་ལེ་སི་ཐན་གྱི་ཙུང་ལི་ཧ་མུའུ་ད་ལའི་དབར་ཡང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། ལི་ཁེ་ཆང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་པ་ནས་བཟུང་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འབྲེལ་བ་ཟབ་མོ་ཡོད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། ངས་སྐུ་ཉིད་དང་ལྷན་དུ་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་དེ་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་འདུག ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་གི་དྲང་བདེན་བྱ་གཞག་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕ་ལེ་སི་ཐན་གྱི་མི་དམངས་ཀྱིས་རང་བཙན་བྱས་ནས་རྒྱལ་ཁབ་འཛུགས་པའི་ཕུགས་བསམ་སྔ་ཙམ་འགྲུབ་རྒྱུའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     ཧ་མུའུ་ད་ལའི་རྟེན་འབྲེལ་གློག་འཕྲིན་ནང་། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་ཀྲུང་གོས་ཕ་ལེ་སི་ཐན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་གོ་སྲིད་གཞུང་དང་མཉམ་དུ་མུ་མཐུད་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་ཤུགས་སྣོན་དང་རྒྱ་ཆེར་བཏང་སྟེ་ཐུན་མོང་གི་ཁེ་ཕན་དེ་བས་ཆེ་བ་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"