འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་དང་འབྲེལ་བའི་ཨ་རིའི་ཙུང་ཐུང་གཞོན་པ་ཕུང་སིའི་གཏམ་བརྗོད་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཨ་རིའི་ཙུང་ཐུང་གཞོན་པ་ཕུང་སིའི་གཏམ་བརྗོད་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
          གསར་འགོད་པ་ཞིག་གིས། ཨ་རིའི་ཙུང་ཐུང་གཞོན་པ་ཕུང་སིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་ཁ་ཤས་གླེང་བ་མ་ཟད། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་སྐྱོར་བྱས་པ་དེས་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ལ་བུ་ལོན་གྱི་ཁུར་པོ་བཟོས་ཡོད་ཅེས་བརྗོད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཧྭ་ཁྲུན་ཡིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་འཚོགས་མ་ཐག་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་ལ་ཀྲུང་གོ་ཕྱོགས་ཀྱིས་འཛིན་པའི་ལྟ་ཚུལ་གླེང་གནང་བ་མ་ཟད། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཐད་ཀྱི་བཞེད་ཚུལ་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་རེད། དེའི་སྙིང་དོན་གཙོ་བོ་ནི། རྒྱལ་སྤྱིའི་མཉམ་ལས་ཡིན་ནའང་འདྲ། ཡང་ན་ས་ཁོངས་ཀྱི་མཉམ་ལས་ཡིན་ཡང་རུང་ཚང་མས་སྒོ་དབྱེ་དང་། འཕེལ་རྒྱས། བསྟུན་མཁས། གསར་གཏོད། སྒྲིག་སྲོལ་བཅས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་བཅག་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། བཞེད་ཚུལ་དེ་དག་གིས་འཛམ་གླིང་གི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་དང་བསྟུན་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་འདུན་པ་དང་མཐུན་པ་དང་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་ཁྲིད་སྟོན་ནུས་པ་མཚོན་པས་ཚོགས་ཞུགས་ཕྱོགས་ཁག་གི་ཚད་མཐོའི་ཁས་ལེན་ཐོབ་ཡོད་ཅེས་བརྗོད་པ་རེད།
         ཧྭ་ཁྲུན་ཡིང་གིས་ང་ཚོས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བརྗོད་ལ་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དེ་ཉིད་འགག་རྩའི་འཕེལ་རྒྱས་དུས་མཚམས་སུ་སླེབས་ཡོད་པ་དང་། དུས་བབ་དེའི་འོག་ཕྱོགས་ཁག་ཚང་མས་འགན་འཁྲི་ཁུར་བ་དང་དགེ་མཚན་ལྡན་པའི་རྣམ་འགྱུར་མཚོན་པར་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཐོག་མའི་བསམ་འདུན་སེམས་ལ་བརྟན་པོ་ངེས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་དགོས། རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་པར་ཐུན་མོང་ཐོག་བཟོས་པའི་སྒྲིག་སྲོལ་གཞིར་བཟུང་ལས་དོན་སྤེལ་དགོས། ཕྱོགས་འགལ་ཐོན་ཚེ་གྲོས་མོལ་དང་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་ཐག་གཅོད་བྱེད་དགོས་པ་ལས་རྐང་བཙུགས་ནས་འགོག་རྐྱེན་བཟོ་མི་རུང་ལ་ཁྱོད་ཕམ་ང་རྒྱལ་དེ་བས་བྱེད་མི་རུང་། ས་ཁོངས་མཉམ་ལས་ངོས་ནས་བརྗོད་ན་ཞི་བདེ་རྒྱ་མཚོ་ཆེ་མོ་དང་ཧིན་རྡུ་རྒྱ་མཚོ་ཆེ་མོ་ཡིན་ཡང་རུང་། ཡང་ན་ནུབ་རྒྱ་མཚོ་ཆེན་པོ་ཡིན་ནའང་འདྲ་ཚང་མ་མཉམ་ལས་གཉིས་ཁེའི་གར་སྟེགས་སུ་འགྱུར་བ་བྱེད་པ་ལས་ས་སྦྲེལ་འགྲན་རྩོད་དང་འགྲན་རྒོལ་དང་ཁ་གཏད་དུ་ལངས་པའི་ཤུགས་འགྲན་ས་ཞིག་མིན་ཞེས་བརྗོད་པ་རེད།
         ཁོང་གིས་ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་མཉམ་ལས་ཡག་པོ་བྱས་པའི་ནང་། ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གཉིས་ཁེ་མཉམ་ལས་བྱེད་བཞིན་ཡོད། ཀྲུང་གོས་མཉམ་ལས་དེ་དག་ལ་སྐུལ་འདེད་གཏོང་སྐབས་ཡང་དག་པའི་བདེན་ཁེའི་ལྟ་བ་དང་དངོས་ཡོད་དང་ཟོལ་མེད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་སུ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་བྱས་ཡོད་ལ་རོགས་རམ་དེ་རིགས་ལ་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པར་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱི་འདུན་པར་བརྩི་འཇོག་གང་ལེགས་ཞུས་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གང་ཞིག་ཀྲུང་གོ་དང་མཉམ་ལས་བྱས་པའི་རྐྱེན་གྱིས་བུ་ལོན་ཟུག་པའི་དཀའ་ངལ་དུ་ལྷུངས་པ་གཅིག་ཀྱང་མེད། དེ་ལས་ལྡོག་སྟེ་ཀྲུང་གོ་དང་མཉམ་ལས་བྱས་པ་ལས་རྒྱལ་ཁབ་དེ་དག་གི་རང་བརྟེན་འཕེལ་རྒྱས་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་ཐུབ་ནས་ཡུལ་དེ་གའི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་སོང་ཡོད། དེར་བརྟེན་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱི་དགའ་བསུ་ཡོངས་ཁྱབ་ཐོབ་ཡོད། གནད་དོན་དེ་དག་ཐད་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཀྲུང་གོ་དང་གཉིས་ཁེ་མཉམ་ལས་བྱེད་མཁན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བདེན་གཏམ་སྤེལ་སྲིད་ཅེས་བརྗོད་པ་རེད།
        ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཁོངས་མི་གལ་ཆེན་ཞིག་ཡིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་ཁག་དང་མཉམ་དུ་རོགས་ཟླའི་སྙིང་སྟོབས་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
         ཧྭ་ཁྲུན་ཡིང་གིས་ང་ཚོས་འབྲེལ་ཡོད་རྒྱལ་ཁབ་གཞན་ལ་གང་བྱུང་དུ་སྐྱོན་འཛུགས་བྱེད་པ་ལས་རང་ཉིད་ཀྱི་གཏམ་སྤྱོད་གཅིག་མཐུན་ཡོང་བ་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་དངོས་སུ་འཛིན་པ་དང་རང་ངོས་ཀྱི་རྒྱལ་བབ་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱེད་པའི་རྒྱལ་ཁབ་གཞན་དག་གི་ཁེ་དབང་ལ་བརྩི་འཇོག་དངོས་འབྲེལ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱ་བ་དངོས་དང་བྱ་བ་བཟང་པོ་དངོས་འབྲེལ་སྒྲུབ་ཐུབ་པ་བྱེད་དགོས་ཞེས་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།