འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་17ཉིན།

༄༅།།སློབ་གསོ་པུས་ལོ་3ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་གནད་དོན་
ཐག་གཅོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུས་དུས་བཀག་ལྟར་ལྟ་ཞིབ་བྱས་ཏེ་ལོ་3ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་གནད་དོན་ཐག་གཅོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། བླང་བྱ་དང་མཐུན་མེད་པའི་ས་ཁུལ་ལ་དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་ནས་ཚད་ལོན་ཐུབ་པ་བྱེད་པ་དང་ནོར་ཤུགས་ཅུང་ཆེ་བའི་ཞིང་ཆེན་གྱིས་འཕེལ་རིམ་མགྱོགས་སུ་བཏང་ནས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་འདི་ཁུལ་གཞུང་ལས་པའི་ཆ་སྙོམས་གླ་ཕོགས་ཆུ་ཚད་ལས་མི་དམའ་བའམ་ཡང་ན་མཐོ་བའི་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ས་གནས་མང་པོ་ཞིག་གིས་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་འགན་ལེན་ལམ་སྲོལ་བཙུགས་ཏེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གཞི་རྩའི་གླ་ཕོགས་དུས་བཀག་ལྟར་ཚད་གཞི་ལེགས་སྒྲིག་དང་། ལས་རྗེས་གླ་ཕོགས། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ། ཤང་གྲོང་གི་ལས་ཀའི་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད་པ་རེད། དཔེར་ན། ཁྲུང་ཆིང་གིས་ལས་རྗེས་གླ་ཕོགས་ཀྱི་བསྡོམས་འབོར་རྨང་གཞིའི་ལས་རྗེས་དང་ཚད་བརྒལ་ལས་རྗེས་གཉིས་སུ་དབྱེ་བ་དང་ཕྱོགས་བསྡུས་སྤྱི་འདོམས་བྱས་པ་བརྒྱུད། རྨང་གཞིའི་ལས་རྗེས་ཆུ་ཚད་རིམ་བཞིན་གྲོང་ཁྱེར་ཡོངས་དང་གཅིག་མཚུངས་ཐུབ་ཡོད། མཐོ་ཚད་ཚོད་འཛིན་དང་དམའ་པོ་མཐོ་རུ་བཏང་བ་བརྒྱུད། ཚད་བརྒལ་ལས་རྗེས་ཆུ་ཚད་བརྟན་པོའི་ངང་འཕར་ཡོད། སློབ་གྲྭར་རང་བདག་བགོ་བཤའ་རྒྱག་དབང་སྤྲད་པ་དང་བསྡོམས་འབོར་དོ་དམ་ཁོངས་སུ་མི་བཅུག་པའི་རྣམ་གྲངས་གཏན་འཁེལ་སོགས་ཀྱི་བྱེད་ཐབས་བརྒྱུད། དགེ་རྒན་གྱི་སྤྱིའི་ཡོང་འབབ་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་ཐོབ་ཚོར་རྒྱ་ཁྱབ་ངང་ཆེ་རུ་ཕྱིན་ཡོད། ཧྲན་ཏུང་གིས་ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་དཀའ་ངལ་ཡོད་པའི་རྫོང་གཞན་སྒྱུར་གཏོང་སྤྲོད་ཀྱི་བྱ་ཐབས་བརྒྱུད་ཐག་གཅོད་བྱེད་པ། དགེ་རྒན་གྱི་གླ་ཕོགས་སྤྲོད་རྒྱུ་སྔོན་ལ་འགན་ལེན་བཅས་བྱས་ཏེ་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཆུ་ཚད་འདི་ཁུལ་གཞུང་ལས་པ་ལས་མི་དམའ་བའི་འགན་ལེན་བྱས་ཡོད། འོན་ཀྱང་སྔར་བཞིན་ས་ཆ་འགའ་ཞིག་ཏུ་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་འདི་ཁུལ་གཞུང་ལས་པ་ལས་མི་དམའ་བའི་གཏན་འབེབས་དོན་འཁྱོལ་བྱས་མེད་པ་རེད།