འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།འཚོ་བའི་མཁོ་རྫས་མཁོ་སྤྲོད་འདང་ངེས་ཡོད་ལ་མང་ཚོགས་ཀྱི་བདེ་འཇགས་ཀྱང་འགན་ལེན་ཡོད་པ། 

—བོད་ལྗོངས་འབྲི་ཆུའི་འཁྱིལ་མཚོའི་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཚེས་11ཉིན་གྱི་མཚན་མོར། བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་སྤོ་ལོ་ཤང་ཁང་བཀྲ་ཤིས་བཀོད་སྒྲིག་བྱ་ཡུལ་དུ་ལྕགས་ཐབ་ནས་དུ་བ་འཕྱུར་ཞིང་། གྲལ་སྟར་སྒྲིག་པའི་གུར་100ལྷག་ཙམ་ནང་དུ་འབྲི་ཆུའི་འཁྱིལ་མཚོའི་ཤུགས་རྐྱེན་ཐེབས་ནས་བཀོད་སྒྲིག་བྱས་པའི་མང་ཚོགས་ཆིག་སྟོང་ཙམ་སྡོད་ཀྱི་ཡོད།
    དགུན་སྟོད་གྱི་མཚན་མོར་བོད་ཤར་རི་ཁུལ་དུ་གྲང་ངར་ཆེ་ཞིང་། རག་མདོ་གྲོང་ཚོའི་གྲོང་མི་ཉི་ཉེའི་ནང་མི་5པོ་ལྕགས་ཐབ་ལ་སྐོར་ནས་ཐུག་པ་འཐུང་བཞིན་འདུག
    འདི་ལོའི་ཟླ་10ཚེས་11ཉིན་དང་ཟླ་11ཚེས་3ཉིན། འབྲི་ཆུའི་བོད་ལྗོངས་འཇོ་མདའ་རྫོང་བལ་དཀར་དུམ་བུར་རི་ཐེངས་གཉིས་ཉིལ་ནས་འབྲི་ཆུ་འགགས་ཏེ་འཁྱིལ་མཚོ་ཆགས་པ་རེད། འཁྱིལ་མཚོ་ཐེངས་གཉིས་པ་ཆགས་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་གཙང་པོའི་རྒྱུད་ཀྱི་མང་ཚོགས་ཁྲི་2.5ལྷག་ཙམ་ཛ་དྲག་ངང་གནས་སྤོས་ཤིང་། སྤུན་མཆེད་དང་གྲོགས་པོའི་སར་སྐྱོད་པ་ཕུད། དེ་བྱིངས་ཀྱི་མང་ཚོགས་གནས་སྐབས་བཙུགས་པའི་བཀོད་སྒྲིག་བྱ་ཡུལ་42སུ་བཀོད་སྒྲིག་བྱས་ཡོད།
    ཉི་ཉེ་ནང་ཚང་དེར་བསྡད་ནས་ཟླ་བ་གཅིག་འགྲོ་གི་ཡོད་ཅིང་། ཟླ་བ་གཅིག་གི་གོང་། འབྲི་ཆུའི་འཁྱིལ་མཚོ་དངོས་སུ་གཙང་ཆུར་བརྒྱུགས་ནས་ཁོང་གི་ཁང་པ་བསྣུབས་པར་བརྟེན་སྨི་ངོས་གྲུ་18ཡོད་པའི་གུར་དེ་ཁོང་ཚོའི་གནས་སྐབས་ཀྱི་ཁྱིམ་དུ་གྱུར།
     “རྩ་ཆེའི་དངོས་རྫས་དང་གྱོན་ཆས་ཁག་གཅིག་ཕུད། ངའི་ཁྱིམ་གྱི་ཅ་དངོས་ཚང་མ་ཆུས་ཁྱེར་སོང་། འབྲི་གཡག་3དང་རྟ་2གཉིས་ཀྱང་མཐོང་རྒྱུ་མི་འདུག སྟབས་ལེགས་པར་ང་ཚོ་ནང་མི་ཚང་མ་བདེ་པོ་ཡིན། ད་ཆ་ཟས་སྡོད་དང་གྱོན་ཆས་ཚང་མ་སྲིད་གཞུང་གིས་འགན་ལེན་བྱེད་ཀྱི་འདུག”ཅེས་ཉི་ཉེས་བཤད།
     ཁང་བཀྲ་ཤིས་བཀོད་སྒྲིག་བྱ་ཡུལ་སྤོ་ལོ་ཤང་སྲིད་གཞུང་དང་དྲང་ཐིག་བར་ཐག་སྤྱི་ལེ་3ཙམ་ལས་མེད་པའི་ས་རྒྱ་ཆེ་ལ་ཁོད་སྙོམས་པའི་རི་ཁུག་ཏུ་ཡོད་པ་དང་དེ་འཁྱིལ་མཚོའི་ཆུ་ངོས་ལས་སྨི་100ལྷག་ཙམ་མཐོ་བ་ཡོད། ཟླ་10ཚེས་11ཉིན། འབྲི་ཆུའི་བལ་དཀར་དུམ་བུའི་རི་ཉིལ་རྗེས། ཡུལ་དེས་དེར་བཀོད་སྒྲིག་བྱ་ཡུལ་བཙུགས་ནས་ཉེ་འགྲམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་པ་རེད།
     མགུ་ཚ་གྲོང་ཚོའི་གྲོང་མི་ཚེ་རིང་རྡོ་རྗེའི་ནང་མི་ཟླ་11ཚེས་8ཉིན་འདིར་སྤོས་པ་རེད། ཁོང་གིས་རང་ཉིད་ཀྱི་ཁང་པ་ཆུས་བསྣུབས་མེད་མོད། འོན་ཀྱང་ཉེ་འགྲམ་ནས་རི་ཉིལ་བའི་ཉེན་ཁ་ཡོད་སྟབས། ཤང་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་མི་སྣས་ཁྱིམ་ཚང་ཚང་མར་གྲལ་བཤེར་བྱས་རྗེས་དེར་བཀོད་སྒྲིག་བྱས་བྱུང་ཞེས་བཤད།
     གུར་ནང་དུ་འབྲས་དང་། གྲོ་ཞིབ། སྔོ་ཚལ། ཤ དེ་བཞིན་གྱོན་གོས་དང་། ཕོ་ཁེབས། སྟབས་བདེའི་ཉལ་ཁྲི གདན་སོགས་གང་དགོས་དེ་འཛོམས་ཡོད་པ་དང་གློག་སྒྲོན་ཡང་གསལ་པོ་འདུག གུར་ཕུབ་ཁུལ་དང་ཐག་མི་རིང་བའི་སར་བདེ་འཇགས་ཀྱི་འཐུང་ཆུ་ལེན་ས་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡོད་པ་གསར་འགོད་པས་མཐོང་བྱུང་།
     མགུ་ཚ་གྲོང་ཚོའི་གྲོང་མི་ཚེ་རིང་རྣམ་རྒྱལ་གྱིས་ད་ཐེངས་འཁྱིལ་མཚོའི་ཆུ་ཁ་རྒྱས་མགྱོགས་པོ་འདུག ངས་འདྲུད་འཐེན་འཕྲུལ་འཁོར་བཏང་སྟེ་གྱོན་ཆས་ཁག་གཅིག་དང་། འབྲུ་རིགས། རྩ་ཆེའི་དངོས་རྫས་བཅས་དབོར་མ་ཐག་ཁང་པ་ཆུས་བསྣུབས་སོང་། “སྟབས་ལེགས་པར་ནང་མི་ཚང་མ་བདེ་པོ་ཡིན། ཁང་པ་མེད་ནའང་བསྐྱར་དུ་རྒྱག་ཆོག་ལ་ར་ལུག་མེད་ཀྱང་བསྐྱར་དུ་གསོ་ཆོག སྲིད་གཞུང་གིས་ང་ཚོར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱ་རྒྱུའི་ཡིད་ཆེས་ཡོད”ཅེས་ཚེ་རིང་རྣམ་རྒྱལ་གྱིས་བཤད།
     སྤོ་ལོ་ཤང་གི་ཤང་ཀྲང་ཏོན་ཤུན་མིང་གིས་ཁང་བཀྲ་ཤིས་བཀོད་སྒྲིག་བྱ་ཡུལ་དུ་མང་ཤོས་སྐབས་མང་ཚོགས་1100ལྷག་ཙམ་བཀོད་སྒྲིག་བྱས་པ་ལས། སློབ་མ་200ལྷག་ཙམ་མིག་སྔར་འཇོ་མདའ་རྫོང་གི་སློབ་གྲྭ་གཞན་དག་ཏུ་བཀོད་སྒྲིག་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་དུ་ཉིན་6ཙམ་འདང་བའི་བཟའ་བཅའ་གྲ་སྒྲིག་བྱས་པ་དང་དམངས་སྲིད་སོགས་སྡེ་ཚན་གྱིས་ཉིན་གསུམ་རེར་བཀོད་སྒྲིག་བྱ་ཡུལ་དུ་སྔོ་ཚལ་དང་ཤ་སོས་པ་བསྐྱལ་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་འགན་ལེན་བྱེད་ཀྱི་ཡོད། གཞན་ཡང་། དེར་ད་དུང་ཤང་སྲིད་གཞུང་གི་གནས་སྐབས་གཞུང་ལས་ས་ཚིགས་དང་དེ་བཞིན་སྤྱི་བདེ་དང་། མེ་ཟོན། འཕྲོད་བསྟེན། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཚན་གྱི་ཞབས་ཞུའི་ས་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།