འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།མཚོ་སྔོན་གྱིས“སྒྱུར་བཅོས་ཀྱི་དོན་ཚན་ཉི་ཤུ”བཏོན་ནས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཞིབ་འཇུག་མི་སྣའི་གོ་མིང་གི་ཆ་རྐྱེན་ལྷུག་ཏུ་གཏོང་བ་དང་། རྣམ་གྲངས་སྙན་ཞུའི“དཔྱད་གཞི་ཐེངས་གཅིག་ལ་འབུལ་སྐྱེལ་ཐུབ་པ” ལས་རྗེས་རིགས་དབྱེ་དཔྱད་འདེམས་བྱེད་པ། ཚན་རྩལ་ཐད་ནོར་འཛོལ་རུང་བའི་རིགས་ལ་འགན་འཁྲི་བདའ་འདེད་མི་གཏོང་བའི་ལམ་སྲོལ་འཛུགས་པ་སོགས་ཟླ་འདི་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི“གློད་སྡོམ་ཞབས་གསུམ”གྱི་བྱ་ཐབས་གསར་པ་ཉི་ཤུ་བཏོན་ནས་ཞིབ་མཆན་འགོད་པའི་དོན་ཚན་ཉུང་དུ་གཏོང་བ་དང་། གསར་གཏོད་ཀྱི་བྱེད་པོ་དང་ཚན་ཞིབ་མི་སྣའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་ཡིན་པ་རེད།
     མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་མོ་ཁྲུང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་རྒྱལ་ཁབ་ཀྱིས་ཚན་རྩལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་ལ་གཞིགས་ནས་འཚོལ་ཞིབ་མང་དག་བྱས་པར་འཕེལ་རིམ་བཟང་པོ་ཐོན་ཡོད་མོད། འོན་ཀྱང་ཚན་རྩལ་དཔལ་འབྱོར་གྱི་ཐག་གཅོད་དཀའ་བའི་གནད་དོན་སྔར་བཞིན་གནས་ཡོད་པས་རྣམ་གྲངས་གྲོན་དངུལ་དོ་དམ་རྙོག་འཛིང་ཆེ་བ་དང་། ཚན་རྩལ་མི་སྣའི་རང་བདག་དབང་ཆ་ཆུང་བ་སོགས་ཀྱི་གནད་དོན་དེ་གསར་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བ་བྱ་རྒྱུར་ཚོད་འཛིན་ཕོག་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྲིད་གཞུང་གི་སྡེ་ཚན་11དང་མཉམ་དུ་ཐབས་ཇུས་ཞིབ་འཇུག་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཕྱོགས་སྟོན་དུ་འཛིན་པ། གྲི་དངོ་ནང་དུ་ཕྱོགས་པ། རང་ངོས་ནས་སྒྱུར་བཅོས་བྱེད་པ་བཅས་ཀྱི་ཐོག་ནས“སྒྱུར་བཅོས་ཀྱི་དོན་ཚན་ཉི་ཤུ”གཏན་འབེབས་བྱས་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། “སྒྱུར་བཅོས་ཀྱི་དོན་ཚན་ཉི་ཤུ”ཡིས་ཡིད་རྟོན་སྔོན་འགྲོའི་ཆ་རྐྱེན་ལ་བརྩིས་པའི་ཚན་ཞིབ་དོ་དམ་ལམ་སྲོལ་གཙོ་བོར་བཙུགས་ནས་ཚན་ཞིབ་རྣམ་གྲངས་བཞི་ཆ་གཅིག་ཁུ་བསྡུ་བྱེད་པའི་དོ་དམ་གོ་རིམ་བརྒྱུད། ཚན་ཞིབ་མི་སྣ་དག་རེའུ་མིག་སྣ་ཚོགས་གོང་ཞུ་དང་རྩིས་ཞུ་བྱེད་པ་སོགས་ཀྱི་རྙོག་འཛིང་ཆེ་བའི་ཡིག་ཆ་དང་ལྷུ་ཚིགས་མང་པོའི་ཁྲོད་ནས་ཐར་བ་བྱ་རྒྱུ་ཡིན་པ་རེད། “དཔྱད་གཞི་ཐེངས་གཅིག་ལ་འབུལ་སྐྱེལ་ཐུབ་པའི”ལམ་ལུགས་ཁྱབ་གདལ་བཏང་ནས་སྔོན་ནས་ལག་ཁྱེར་པར་རྒྱག་དཔྱད་གཞི་མཁོ་འདོན་བྱེད་རྒྱུ་མེད་པར་བཟོ་རྒྱུ་རེད། ལོ་འཁོར་གྱི་ཞིབ་བཤེར་མེད་པ་བཟོས་ནས་ཚན་ཞིབ་རྣམ་གྲངས་ཀྱི་སྔོན་རྩིས་བཟོ་བའི་གསལ་བཤད་དང་རེའུ་མིག་གོང་ཞུའི་ལམ་ལུགས་ཁུ་བསྡུ་བྱེད་པ་དང་། དགོས་མཁོ་ཆེ་བའི་ཆེད་ལས་སྒྲིག་ཆས་དང་ཟད་གྲོན་གཏན་འབེབས་གཞིར་བཟུང་། དམིགས་བསལ་ལས་དོན་དམིགས་བསལ་དུ་བསྒྲུབས་ཏེ་གཉེར་འགན་ལེན་པའི་གོ་རིམ་མེད་པར་བཟོ་རྒྱུ་རེད། ཚན་རྩལ་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་པར་ནོར་དོན་རྩིས་བཤེར་གྱི་སྙན་ཞུ་མཁོ་འདོན་བྱེད་མི་དགོས་པའི་ཚད་གཞི་སྒོར་ཁྲི་50ཡན་ནས་སྒོར་ཁྲི་100མན་བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ཚན་ཞིབ་སྒྲིག་གཞིས་གཞི་རྩའི་ཚན་ཞིབ་ལས་སྒོའི་ཁྲོད་ནས་20%ལས་མི་བརྒལ་བའི་བྱ་དགའི་གྲོན་དངུལ་ལེན་ཆོག་པ་དང་། དེའི་བེད་སྤྱོད་ཁྱབ་ཁོངས་དང་ཚད་གཞི་དེ་ཚན་ཞིབ་སྒྲིག་གཞིས་ལས་རྗེས་གླ་ཆའི་བསྡོམས་འབོར་ནང་རང་བདག་གཏན་འབེབས་བྱེད་ཆོག
     གཞི་རིམ་གྱི་ཚན་ཞིབ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་གསར་གཏོད་ཀྱི་རྣམ་པ་གཏོད་ཆེད། “སྒྱུར་བཅོས་ཀྱི་དོན་ཚན་ཉི་ཤུས”ཁེ་ལས་ཀྱིས་རྣམ་གྲངས་ཀྱི་སྙན་ཞུ་འབུལ་སྐབས་རོགས་སྐྱོར་མ་དངུལ་རེ་ཞུ་བྱེད་རིགས་ཀྱི་ཆེད་དོན་གྲོན་དངུལ་དང་རང་གྲབས་ཚན་ཞིབ་གྲོན་དངུལ་གྱི་བསྡུར་འགྲན་1:1བར་དམའ་རུ་གཏོང་བ་དང་། བྱ་གཞག་ཚན་པས་སྙན་ཞུ་འབུལ་བའི་སྤྱི་ཕན་རང་བཞིན་གྱི་ཚན་ཞིབ་རྣམ་གྲངས་ལ་རང་གྲབས་གྲོན་དངུལ་ལྷུ་ལག་ཚང་སྒྲིག་དགོས་པའི་བླང་བྱ་མ་བཏོན་པར་ཁེ་ལས་བྱ་གཞག་ཚན་པའི་ཁུར་པོ་ཡང་དུ་ཤུགས་ཆེན་གཏོང་རྒྱུ་རེད། དེ་དང་དུས་མཚུངས། ཁེ་ལས་འབྲིང་ཆུང་དང་། གྲོང་ཁྱེར་དང་ཀྲོའུ་དང་དེ་མན་གྱི་ཚན་པའི་ཚན་ཞིབ་མི་སྣས་རྣམ་གྲངས་སྙན་ཞུ་འབུལ་བའི་གོ་མིང་གི“ཚད་གཞི”མཐོ་རིམ་གཞོན་པ་ནས་འབྲིང་རིམ་བར་དམའ་རུ་གཏོང་རྒྱུ་དང་། ཚན་ཞིབ་ཐད་ནོར་འཛོལ་ཤོར་སླ་བར་བདའ་འདེད་མི་གཏོང་བའི་ལམ་ལུགས་འཛུགས་པ། འགན་འཁྲི་དང་འོས་འགན་འཁུར་ཡང་འགོག་ཐབས་བྲལ་བའམ་ཡང་ན་ཚན་ཞིབ་ལ་གཏན་འཁེལ་རང་བཞིན་མེད་པས་སྔོན་དཔག་གི་ཞིབ་འཇུག་དམིགས་ཚད་མངོན་འགྱུར་མི་ཐུབ་པའི་རྣམ་གྲངས་ཀྱི་འགན་ཁུར་བར་འགན་འཁྲི་བདའ་འདེད་མི་གཏོང་རྒྱུ་དང་འབྲེལ་ལུགས་མཐུན་ངང་བཏང་བའི་མ་དངུལ་ཚུར་ལེན་རྒྱུ་མིན་པ་རེད།