འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།འོ་རྩམ་ལས་སྣོན་བྱས་པས་འབྲོག་པ་དབུལ་སྒྲོལ་བྱུང་བ། 

སི་ཁྲོན་ཧུང་ཡོན་རྫོང་གིས་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ བཏང་ནས་འབྲོག་པ་ཕྱུག་འགྱུར་ཡོང་བར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏུང་ཞའོ་ཧུང་། 
     “དེ་སྔ་འབྲིའི་འོ་མ་ལྷག་མས་ཕྱུར་སྐམ་བཟོ་རྒྱུ་ལས་ཐབས་གཞན་མེད་པ་དང་། དེ་བཙོང་ན་རྒྱ་མ་རེར་སྒོར་ཟུར་ཁ་ཤས་ལས་རག་གི་མེད་པའི་ཁར་ད་དུང་འཚོང་མི་ཐུབ་པ་རྣམས་འཕྲོ་བརླག་འགྲོ་གི་འདུག ད་ཆ་འབྲིའི་འོ་མ་སྤྱི་རྒྱ་རེར་སྒོར་7ཙམ་རག་གི་འདུག”ཅེས་འོ་མ་བཙོང་མ་ཐག་པའི་དངོས་དཔལ་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།
     འདི་ལོ་ལོ་49ལ་སླེབས་པའི་དངོས་དཔལ་ནི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་གི་དུད་ཚང་དབུལ་པོ་ཞིག་ནས་ཡིན། སྔོན་ཆད་ནོར་ལུག་འཚོས་ཏེ་བསྡད་པས་ལྟོ་གོས་ཀྱང་ཡག་པོ་འཕྱིད་ཀྱི་མེད། རྫོང་དུ་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་རྗེས་ན་ནིང་དངོས་དཔལ་གྱིས་འོ་མ་ཁོ་ན་བཙོང་པར་ཡོང་འབབ་སྒོར་5000ཙམ་རག་པས། ད་ཆ་ཁོང་གིས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་ནས་ཡོད་པ་རེད།
     དངོས་དཔལ་ཁྱིམ་གྱི་འབྲིའི་འོ་མ་རྫོང་གི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་ཏེ། ཧུང་ཡོན་འབྲིའི་དཀར་ཆུ་ཀུང་སིར་འཚོང་གི་ཡོད། ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྔོན་ཐོན་ཐོན་སྐྱེད་བརྒྱུད་རིམ་ལ་བརྟེན་ནས་ལྕགས་ཀྲིན་ནང་བླུགས་པའི་འོ་རྩམ་བཟོས་ཏེ་རྒྱལ་ཁབ་ཕྱི་ནང་གི་ས་ཁུལ་མང་པོར་བྲིན་ཚོང་བྱེད་པ་དང་ཐ་ན་མེ་གླིང་དང་ཡོ་རོབ་ཏུའང་འཚོང་གི་ཡོད།
     འབྲིའི་འོ་རྩམ་ལས་སྣོན་བྱས་པ་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་མང་པོའི་སྟོབས་ཤུགས་འདུས་པའི་གྲུབ་འབྲས་མངོན་ཐུབ།
     གསར་འགོད་པར་ཤེས་རྟོགས་བྱུང་བར། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ཧུང་ཡོན་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་སི་ཁྲོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཧུང་ཡོན་རྫོང་གི་སྔར་ཡོད་ཀྱི་སྤུས་ལེགས་འབྲིའི་འོ་མའི་ཐོན་ཁུངས་ལ་བརྟེན་ཏེ་ཧུང་ཡོན་འབྲིའི་འོ་མའི་འོ་རྩམ་གྱི་སྤུས་རྟགས་བཏོད་དེ་དཀར་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དུད་ཚང་དབུལ་པོ་ཕྱུག་འགྱུར་ཡོང་བར་བྱས་ཡོད།
    ཧུང་ཡོན་འབྲིའི་དཀར་ཆུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆོས་བཟང་གིས་ཕྱོགས་མང་ནས་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད། ད་ཆ་ལོར་ཐོན་ཚད་ཏུན་ཁྲི་10ཟིན་པ་དང་ལྟེ་བའི་འོ་མ་བསྡུ་ལེན་ས་ཚིགས་དང་སྒུལ་བདེའི་འོ་མ་བསྡུ་ལེན་ས་ཚིགས་བཅུ་གྲངས་བཙུགས་ནས་འོ་མ་སོས་པ་ཆུ་ཚོད་གཉིས་ཀྱི་ནང་ཚུན་དུ་ལས་སྣོན་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཧུང་ཡོན་འབྲིའི་དཀར་ཆུ་ཀུང་སིའི་ཐོན་སྐྱེད་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་པའེ་ཆིང་གིས་ཉེ་བའི་ལོ་གཉིས་ནང་། ཀུང་སིས་འབྲོག་པར་འོ་མ་སོས་པའི་རིན་པ་བསྡོམས་སྒོར་དུང་ཕྱུར་1.3སྤྲད་པར་དུད་ཚང་དབུལ་པོའི་འོ་མ་སོས་པ་སྔོན་ལ་ཉོས་ནས་འོ་མའི་རིན་པ་སྒོར་ཁྲི་510སྤྲད་ཡོད། ད་དུང་ཁེ་ལས་ཀྱིས་དབུལ་པོ་60ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས་དབུལ་པོ་ཚང་མར་ལོར་ཡོང་འབབ་སྒོར་ཁྲི་2ཙམ་བྱུང་ཡོད།
    མིག་སྔར། ཧུང་ཡོན་རྫོང་གིས་དཀར་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་། རྒྱུན་མཐུད“རང་བརྟེན”གྱི་ནུས་པ་ཆེ་རུ་བཏང་སྟེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད། 2017ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོ་2014ལོའི་13ནས་2བར་ཉུང་དུ་ཕྱིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1352ནས་109བར་ཉུང་དུ་ཕྱིན་པ། མི་འབོར་དབུལ་པོ་5056ནས་420བར་ཉུང་དུ་ཕྱིན་ཡོད།
     གོམ་སྟབས་རྗེས་མར་ཧུང་ཡོན་རྫོང་གིས“སྲིད་གཞུང་གིས་སྒྲིག་འཛུགས་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད། ཁྲོམ་རས་གཉེར་སྐྱོང”བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཀར་ཆུའི་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་མི་སྤྱོད་ཀྱི་དགོས་མཁོ་གཞིར་བཟུང་དུད་ཚང་དབུལ་པོར་གནས་གཏན་འཁེལ་གྱི་རྩལ་ནུས་གསོ་སྦྱོང་བྱས་པ་དང་ལས་ཀའི་གན་རྒྱ་བཞག་སྟེ་ལས་ཞུགས་དབུལ་སྒྲོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།