འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”བྱེད་སྒོ་ཆིན་ཧོང་ཏའོ་རུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཆིན་ཧོང་ཏའོ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའི་སློབ་གསོ་དྲིལ་བསྒྲགས་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”འདུ་འགོད་ཀྱི་བྱེད་སྒོ་ཐེངས་བདུན་ཅུ་དོན་དགུ་པ་ཧོ་པེའི་ཆིན་ཧོང་ཏའོ་རུ་སྤེལ་ཞིང་། སྐད་གྲགས་ཆེ་བའི་ལྕགས་རི་རིང་པོའི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ལྕགས་རི་རིང་པོ་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཏུང་ཡའོ་ཧུའེ་ཡིས་འགོ་བརྗོད་དུ《ལྕགས་རི་རིང་པོའི་རིག་གནས་ཀྱི་ལོ་རྒྱུས་རིན་ཐང་དང་དུས་རབས་གསར་པའི་དོན་སྙིང》ཞེས་པའི་གཏམ་བཤད་སྤེལ་བ་དང་འབྲེལ་ལྕགས་རི་རིང་པོའི་ཞིབ་འཇུག་དང་སྲུང་སྐྱོང་གི་འབྲེལ་ཡོད་གནད་དོན་ཐད་བྱེད་སྒོ་སྤེལ་ཡུལ་གྱི་ལྟད་མོ་བ་དང་རྒྱ་ཆེའི་དྲ་གྲོགས་ཚོ་དང་མཉམ་དུ་སྤེལ་རེས་མཉམ་འགུལ་བྱས་པ་རེད།
        “ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ལྕགས་རི་རིང་པོའི་རིག་གནས་ཀྱི་ནང་དོན་ཧ་ཅང་ཟབ་མོ་ཡོད། ད་བར་ང་ཚོས་རྒྱུས་མངའ་ལོན་པ་དང་ངོས་འཛིན་ཐུབ་པ་དེ་ལྕགས་རི་རིང་པོའི་རིན་ཐང་དང་དོན་སྙིང་དང་བསྡུར་ཚེ་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད”ཅེས་ཏུང་ཡའོ་ཧུའེ་ཡིས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་ཉིས་སྟོང་ལྷག་རིང་རྒྱུན་ཆད་མེད་པར་ལྕགས་རི་རིང་པོ་ཉམས་བཟོ་བྱེད་དགོས་དོན་ལ་གསལ་འགྲེལ་དང་དབྱེ་ཞིབ་བྱས་པ་རེད། ཁོང་གིས་ལོ་རྒྱུས་ཀྱི་མིག་རྒྱང་ཐོག་ནས་ལྕགས་རི་རིང་པོས་དུས་མཚམས་མི་འདྲ་བའི་ནང་ཐོན་པའི་ནུས་པར་ལྟ་སྟངས་འཛིན་དགོས། ཡིན་ནའང་དེའི་ལྟེ་བའི་བསམ་བློ་དང་རིག་གནས་ནི་གཅིག་རྒྱུན་གཅིག་འཛིན་རེད། མ་འོངས་པར་ལྕགས་རི་རིང་པོས་མཚོན་པའི་ཀྲུང་ཧྭའི་ཤེས་དཔལ་དེ་རྒྱལ་ཁབ་ཁག་ལ་ཁྱབ་གདལ་ཧུར་ཐག་གཏོང་དགོས་ཞེས་གསུངས།
          ཏུང་ཡའོ་ཧུའེ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་སྤྱི་དམངས་མི་སྒེར་གྱི་རིན་ཐང་ཚད་གཞིའི་ཐོག་བཏོན་པའི་མིང་ཚིག་དང་པོ་ནི“རྒྱལ་གཅེས”ཞེས་པ་དེ་རེད། རྒྱལ་ཁབ་ཞེས་པ་དེ་གང་ལ་ཟེར་ཞེ་ན། ཁོང་གིས་གཅིག་ནས་ས་གཞི་དང་། གཉིས་ནས་ས་གཞིའི་འདིའི་སྟེང་འཚོ་གནས་བྱེད་བཞིན་པའི་སྐྱེ་བོ། གསུམ་ནས་ས་གཞི་འདིའི་སྟེང་འཚོ་བཞིན་པའི་སྐྱེ་བོའི་བདེ་འཇགས་བཅས་གཙོ་བོ་རྒྱུ་རྐྱེན་གསུམ་ལས་གྲུབ་པའི་ངོས་འཛིན་བྱས་ཤིང་། “རིག་གནས་ཀྱི་རྩ་བ་དང་ཚེ་སྲོག་གི་འབྱུང་རྩ་གསལ་པོ་རྟོགས་ཚེ་རྒྱལ་གཅེས་བསམ་བློ་ངམ་ངམ་ཤུགས་ཤུགས་དང་སྙིང་ཁོང་རུས་པའི་གཏིང་ནས་སྐྱེ་ཐུབ”ཅེས་བཤད།