འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།མཚོ་སྔོན་མང་རྫོང་གི་འབྲོག་ཟོག་ཐོན་ལས་ཀྱི་དབུལ་སྐྱོར་ལ་ཕན་འབྲས་ཐོན་པ། 

མང་ཚོགས་ཀྱིས“དབུལ་སྒྲོལ་རྩིས་ཁྲ”དགའ་སྤྲོའི་ངང་ངོམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་གིས་ས་བབ་དང་བསྟུན་ཏེ་རྫོང་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣེ་ཁྲིད་ནས། འབྲོག་ལས་ཐོན་ལས་ཀྱི་དབུལ་སྐྱོར་ལམ་བུ་ཞིག་འཚོལ་ཞིབ་ཐུབ་སྟེ། ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“དབུལ་སྒྲོལ་རྩིས་ཁྲར”ཡོང་འབབ་དང་། དགའ་སྤྲོ། རེ་བ་བཅས་ཀྱིས་ཁེངས་ཡོད་པ་རེད།
         མང་རྫོང་གི་གངས་ལྗོངས་ནོར་གཡང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ནི་ཐར་ཤུལ་རྩྭ་ཐང་དུ་ཡོད་ལ། མཉམ་ལས་ཁང་དེ་ནི་མང་རྫོང་གི་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ཆེ་གྲས་ཤིག་ཡིན། “མིག་སྔར་ང་ཚོའི་མཉམ་ལས་ཁང་དུ་ཞུགས་མཁན་འབྲོག་དུད་50ཡི་མི་192ཡོད་པ་དང་། 2017ལོར་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་2རེ་བགོ་བཤའ་བརྒྱབ་པ་ཡིན”ཞེས་མཉམ་ལས་ཁང་གི་རྩིས་གཉེར་པ་གཡང་སྐྱབས་རྒྱལ་གྱིས་བརྗོད་པ་རེད།
        འདི་ལོར་ལོ་34ལ་སོན་ཞིང་དམའ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་གཡང་སྐྱབས་རྒྱལ་ནི་མཉམ་ལས་ཁང་དེའི་ནང་གི་འཇོན་ཐང་ཅན་ཡིན་པ་མ་ཟད། ད་དུང་2017ལོའི་ཐར་ཤུལ་ཤང་ཐར་ཤུལ་གྲོང་ཚོའི“དབུལ་སྒྲོལ་གཟི་བརྗིད་དུད་ཚང”འབའ་ཞིག་ཀྱང་ཡིན་པ་རེད། “2015ལོར། ངས་ད་དུང་ཕྱིར་ལས་ཀར་སྐྱོད་པ་དང་ཡང་ན་དབྱར་རྩྭ་དགུན་འབུ་འཐུ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། སྐབས་དེར་ངའི་ནང་གི་ལོ་རེའི་ཡོང་འབབ་སྒོར་5000ཡང་ཟིན་གྱི་མེད། ད་ཆ་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱི་རོགས་སྐྱོར་འོག ངའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2017ལོར་ངའི་ཁྱིམ་གྱི་ཡོང་འབབ་སྒོར་92000ལྷག་ཟིན་ཡོད”ཅེས་གཡང་སྐྱབས་རྒྱལ་གྱིས་བརྗོད།
        མང་རྫོང་དུ་གཡང་སྐྱབས་རྒྱལ་ལྟ་བུའི་འབྲོག་ལས་ཐོན་ལས་བརྒྱུད་དབུལ་སྒྲོལ་ཐུབ་པའི་མང་ཚོགས་ཧ་ཅང་མང་པོ་ཡོད་པ་རེད། 2017ལོར་རྫོང་ཡོངས་སུ་དུད་ཚང་དབུལ་པོ་1121གི་མི་4607དབུལ་སྒྲོལ་ཐུབ་པ་དང་། ཁོང་ཚོའི་ནང་དབུལ་པོར་བསྐྱར་ལོག་བྱས་པ་གཅིག་ཀྱང་མེད་པ་རེད།
        འདི་ལོར་མང་རྫོང་སུམ་མདོ་གྲོང་རྡལ་རྒྱ་ཤིང་གྲོང་ཚོའི་ཚེ་རིང་དོན་གྲུབ་ཀྱིས་ཀྱང་གཡང་སྐྱབས་ལྟ་བུའི་རྒྱལ་ཐོན་ལས་དབུལ་སྐྱོར་མ་དངུལ་སྤྱད་དེ་འབྲི་གཡག་5ཉོས་པ་དང་། ཡིན་ན་ཡང་། གཡང་སྐྱབས་རྒྱལ་དང་མི་འདྲ་བ་ནི། ཚེ་རིང་དོན་གྲུབ་ཀྱིས་འབྲི་གཡག་དེ་དག་རང་གི་ཕ་ཡུལ་དང་ཐག་ཉེ་སར་ཡོད་པའི་མཚོ་སྔོན་བཀྲ་ཤིས་སྐྱེ་ལྡན་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིར་གསོ་ཚགས་བྱེད་དུ་བཅུག་ཡོད་པ་རེད།
       “གཞན་ལ་གསོ་ཚགས་བྱེད་དུ་བཅུག་པ་དེ་རང་གིས་གསོ་ཚགས་བྱས་པ་ལས་ཡག་པོ་འདུག རྒྱུ་མཚན་ནི་གལ་སྲིད་འབྲི་གཡག་ལ་ནད་གཞི་ཕོག་པའམ་ཡང་ན་ཤི་ཚེ་ཀུང་སི་དེས་འགན་འཁུར་གྱི་འདུག དེས་མ་ཟད་ད་དུང་ཀུང་སི་འདིར་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་ཐབས་ཡོད་པའི་ཁར་འབྲི་གཡག་ལ་སྟེར་བའི་གཟན་ཆག་ཀྱང་ཅུང་ཡག་པོ་འདུག་པས། འབྲི་གཡག་ལ་མགྱོགས་པོ་ཤ་ཤེད་རྒྱས་ཀྱི་འདུག”ཅེས་ཚེ་རིང་དོན་གྲུབ་ཀྱིས་བརྗོད་པ་རེད།
       “ང་ཚོ་འདི་གར་ནུས་ཆེའི་གསོ་ཚགས་བྱས་པ་བརྒྱུད་འབྲི་གཡག་ཟླ་བ་བཞི་ནས་ལྔའི་ནང་བཤས་གཏོང་ཆོག་གི་ཡོད། ང་ཚོར་གསོ་ཚགས་བྱེད་དུ་བཅུག་ན། ཟླ་བ་བཞི་ལྔའི་རྗེས་སུ་བཤས་བཏང་རྗེས་ལྗིད་ཚད་འཕར་བའི་ཆ་དེ་ང་ཚོ་དང་འབྲོག་དུད་ཀྱིས་ཆ་སྙོམས་བགོ་བཤའ་རྒྱག་གི་ཡོད། གསོ་ཚགས་བྱེད་རིང་འབྲོག་དུད་ཀྱི་ནོར་ལུག་ལ་ནད་ཕོག་ནས་ཤི་ཚེ་འགན་ཚང་མ་ང་ཚོས་འཁུར་གྱི་ཡོད”ཅེས་མཚོ་སྔོན་བཀྲ་ཤིས་སྐྱེ་ལྡན་ཞིང་འཕྲུལ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་བརྗོད་པ་རེད།
         ཚེ་རིང་དོན་གྲུབ་མིག་སྔར་ད་དུང་མང་རྫོང་གི་དུད་ཚང་དབུལ་པོའི་གྲས་ཡིན་ཡང་། ཁོང་གི་དབུལ་སྒྲོལ་རྩིས་ཁྲར་རེ་བས་ཁེངས་ཡོད་པ་རེད།
         “ཟླ་གསུམ་པར། ངས་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་32000བཏང་ནས་འབྲི་གཡག་5ཉོས་པའི་ཁར་ངའི་ནང་གི་འབྲི་གཡག་15སྟེ་ཁྱོན་འབྲི་གཡག་20འདི་གར་གསོ་ཚགས་བྱེད་དུ་བཅུག་ཡོད། སྔོན་དཔག་བྱས་ན་ཟླ་བརྒྱད་པར་བཤས་གཏོང་ཆོག་གི་ཡོད། སྐབས་དེར་ཧ་ལམ་ཁེ་སྤོགས་སྒོར་ཁྲི་2རག་རྒྱུ་རེད། གཞན་ཡང་། ང་དང་ངའི་བཟའ་ཟླས་ཀུང་སི་འདིར་ལས་ཀ་བྱེད་ཀྱི་ཡོད་པས་འདི་ལོ་གླ་ཕོགས་སྒོར་47000ལེན་ཐུབ་བཟོ་ཡོད་པས། འདི་ལོར་ངའི་ཁྱིམ་གྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་11ལྷག་ཟིན་རྒྱུ་ཡིན་པས་དབུལ་སྒྲོལ་ཐུབ་རྒྱུ་རེད”ཅེས་ཚེ་རིང་དོན་གྲུབ་ཀྱིས་འདི་ལོའི་ཡོང་འབབ་སྔོན་རྩིས་རྒྱག་བཞིན་དགའ་སྤྲོའི་ངང་བརྗོད་པ་རེད།
         “མང་རྫོང་ནི་འབྲོག་ལས་གཙོ་བོར་བྱེད་པའི་ཞིང་འབྲོག་ཟུང་འབྲེལ་གྱི་རྫོང་ཞིག་ཡིན། གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན། ང་ཚོས་ས་བབ་དང་བསྟུན་ཏེ། ས་གནས་དེ་གའི་མང་ཚོགས་ཀྱིས་གསལ་ཤེས་ཐུབ་པའི་འབྲོག་ལས་ཐོན་ལས་ལ་གཞིགས་ཏེ་དབུལ་སྐྱོར་ལས་དོན་གྱི་འཚོལ་ཞིབ་བྱས་པ་ཡིན། མིག་སྔར་ང་ཚོས་དབུལ་སྐྱོར་སྔོན་འགོག་ཚོད་འཛིན་མ་དངུལ་ལ་བརྟེན་ནས་དངུལ་རྩའི་མ་དངུལ་ཐོབ་ཐབས་བྱེད་པ་དང་། ཁེ་ལས་དང་མཉམ་ལས་ཁང་གིས་སྐུལ་ཁྲིད་བྱེད་པ། འབྲོག་དུད་རང་འགུལ་ངང་ཞུགས་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ཤིག་ཕྱོགས་སྡོམ་བྱས་ཡོད། ང་ཚོས་2018ལོའི་ལོ་མཇུག་ཏུ་སླེབས་སྐབས། མང་རྫོང་ཧྲིལ་པོ་དབུལ་སྒྲོལ་ཐུབ་རྒྱུའི་འཆར་གཞི་ཡོད”ཅེས་མང་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་གཞུང་ལས་ཁང་གི་འགན་འཁུར་བས་བརྗོད་པ་རེད།