འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིམས་འཛིན་གྱི་
ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ཏེ། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ་མ་ཟད། ད་དུང་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
        ཚོགས་འདུའི་ཐོག་ཁྲིམས་འཛིན་འདུ་ཤེས་ལེགས་སུ་ཏན་ཏིག་བཏང་ནས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་དང་འདྲ་མཉམ་ངང་སྲུང་སྐྱོང་བྱེད་དགོས་པ་དང་། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གཏུག་བཤེར་གནས་བབ་འདྲ་མཉམ་དང་། ཁྲིམས་ལུགས་སྤྱོད་འཐུས་འདྲ་མཉམ། ཁྲིམས་ལུགས་ཀྱི་འགན་འཁྲི་འདྲ་མཉམ་སོགས་རྒྱུན་འཁྱོངས་བྱེད་པ་དང་། ཁ་དན་ཚིག་གནས་དང་གཞུང་དྲང་འགྲན་རྩོད་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཁྲིམས་ལ་གཞིགས་ནས་ནག་ཉེས་གཏན་འཁེལ་སོགས་ཁྲིམས་ཀྱི་རྩ་དོན་དང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། དཔལ་འབྱོར་གྱི་རྩོད་གཞི་དེ་ཉེས་གསོག་ལ་བརྩིས་ནས་ཐག་གཅོད་བྱས་པའི་གནས་ཚུལ་མི་ཐོན་པ་མཐའ་གཅིག་ཏུ་བྱེད་པ། དམངས་དོན་འགན་འཁྲི་དེ་ཉེས་དོན་འགན་འཁྲིར་བརྩིས་པའི་གནས་ཚུལ་མི་ཐོན་པ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་དམངས་གཉེར་ཁེ་ལས་པ་ཚོ་བློ་རྩེ་གཅིག་སྒྲིམ་གྱིས་ལས་གཏོད་དང་། བློ་བདེ་པོས་མ་འཇོག གནས་བཟོད་བདེ་པོས་གཉེར་སྐྱོང་བཅས་ཡོང་བ་བྱེད་དགོས་ལ་རྒྱུ་ནོར་སྔར་བས་བདེ་འཇགས་དང་དབང་ཆ་སྔར་བས་འགན་ལེན་ཡོད་པ་བྱེད་དགོས། ཁྲིམས་འཛིན་སྲིད་ཇུས་དང་ཁྲིམས་འཛིན་གསལ་འགྲེལ་དག་ཕྱོགས་ཡོངས་ནས་གཙང་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ། དམངས་གཉེར་དཔལ་འབྱོར་ལ་འདྲ་མཉམ་ངང་སྲུང་སྐྱོང་བྱ་རྒྱུ་དང་འགལ་བའི་རིགས་ཀྱི་དོན་ཚན་ཡིན་ཕྱིན་དུས་ཐོག་ཏུ་མེད་པར་བཟོ་དགོས་པའམ་ཡང་ན་ལེགས་སྒྲིག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་གཉེར་ཁེ་ལས་ཀྱི་རྐང་དབང་གཏའ་འཇོག་དང་། གསུམ་འབྲེལ་བུ་ལོན། ཕན་ཚུན་འབྲེལ་གཏུག ཕན་ཚུན་ཁག་ཐེག་སོགས་ཀྱི་ཁྲིམས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་དགོས། མ་དངུལ་གཡར་གཏོང་ཐད་ཀྱི་ཁྲིམས་འདུམ་ཚད་གཞི་ལུགས་དང་མཐུན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཁྲིམས་འཛིན་འགན་ནུས་ལ་གཞི་ཚུགས་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས་དཀའ་བ་དང་མ་དངུལ་མཉམ་འདྲེས་ཀྱི་གནས་གོང་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ཁྲིམས་འཛིན་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཁྲིམས་འཛིན་གྱི་བྱ་ཐབས་སྤྱད་དེ་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་བྱེད་དགོས་ལ་འགན་ལེན་ཡང་བྱེད་དགོས་པ་དང་། རྒྱུ་ནོར་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྒྱུ་ནོར་བདག་དབང་དང་འབྲེལ་བ་ཡོད་པའི་གྱོད་དོན་སྣ་ཚོགས་འདྲི་གཅོད་འོས་འཚམ་བྱེད་པ། རྒྱུ་ནོར་བདག་དབང་དང་འབྲེལ་བ་ཡོད་པའི་མ་ཉེས་ཁག་གཡོགས་དང་ཞིབ་གཅོད་བྱེད་ནོར་ཤོར་བའི་གྱོད་དོན་ཁྲིམས་ལྟར་ཞིབ་འབྱེད་དང་ཡོ་བསྲང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། གྱོད་བགྲང་ཁྲིམས་འགྲེལ་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ། དམངས་གཉེར་ཁེ་ལས་དང་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་པའི་གྱོད་དཔེ་དང་། བྱེད་སྟངས་ཡག་པོ། ཉམས་མྱོང་བཟང་པོ་བཅས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་ཁེ་ལས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁྲིམས་སྐྱོང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཡག་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་མ་རྩ་རྡིབ་པའི་གྱོད་དོན་འདྲི་གཅོད་འོས་འཚམ་བྱེད་པ་དང་། མ་རྩ་རྡིབ་རྗེས་བསྐྱར་འཛུགས་བརྒྱུད་རིམ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ། མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་སོགས་ཐོན་སྐྱེད་གཞི་རྒྱུ་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་ལ་སྐྱེ་སྟོབས་སླར་གསོ་དང་ཁྲོམ་རར་བསྐྱར་ལོག་ཐུབ་རྒྱུའི་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས། ཁྲིམས་འཛིན་སྲུང་སྐྱོང་དང་ཤེས་བྱའི་བདག་དབང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་ཁེ་ལས་ལ་ལག་རྩལ་ཡར་ཐོན་དང་ཚན་རྩལ་གསར་གཏོད་བརྒྱུད་ཐོན་ལས་རིམ་སྤོར་ཡོང་རྒྱུའི་ལྕག་སྐུལ་བྱེད་པ་བཅས་ཀྱི་ཐོག་ནས་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་གྱི་གྱོད་དོན་འདྲི་གཅོད་ལ་ཤུགས་སྣོན་རྒྱག་པ་དང་ཁྲོམ་ར་བཀོལ་སྤྱོད་ཀྱི་གནས་བབ་བཟུང་བའི་ཁྲོམ་རའི་བྱེད་པོས་སྒེར་སྡེམ་གནས་བབ་གང་བྱུང་དུ་སྤྱོད་རྒྱུ་ཁྲིམས་བཞིན་བཀག་འགོག་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས་ཞེས་བསྟན་པ་རེད།