འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཡུན་ནན་གྱི་གྲོང་གསེབ་མི་འབོར་ཁྲི་971.5 ཡི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན། ཡུན་ནན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མི་འབོར་ཁྲི་971.5ཡི་འཐུང་ཆུའི་བདེ་འཇགས་མཐོར་གཏོང་གི་ལས་འགན་ལེགས་གྲུབ་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་198ཟིན་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་གྱི་རྫོང་དབུལ་པོ་རྣམས་ཆུ་ལོག་ཐོན་སླ་བའི་རྫོང་ཤ་སྟག་ཡིན་པའི་ནང་རྫོང་དབུལ་པོ་65བྱེ་རྡོ་ཅན་དུ་ཚབས་ཆེན་གྱུར་ཡོད་ལ། སྣོད་བཅུད་ཁོར་ཡུག་ཉམས་ཞན་དང་ས་ཆུ་ཚབས་ཆེན་ཤོར་བའི་ཁར་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་ཡང་ཡང་ཐོན་པས་ཆུའི་ཐོན་ཁུངས་ཧ་ཅང་དཀོན་པོ་ཡོད་པ་དང་། ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྗེས་ལུས་ཐེབས་པ་དང་ཆུ་བེད་འཛུགས་སྐྲུན་གྱི་མ་གནས་མཐོ་ལ་དཀའ་གནད་ཀྱང་ཆེན་པོ་ཡོད་པ་རེད།
       ས་ཁུལ་དབུལ་པོའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཡུན་ནན་ཞིང་ཆེན་ཆུ་བེད་སྡེ་ཚན་གྱིས་ཕྱོགས་གང་ས་ནས་མ་དངུལ་བརྩོན་ལེན་གྱིས་ཆུ་བེད་ལས་རིགས་ཀྱི་དབུལ་སྐྱོར་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཁག་དབྱེ་ཇུས་བསྟར་གྱིས་ཆུ་བེད་ཀྱི་ཆུ་མཁོ་འདོན་གྱི་འགན་སྲུང་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་བའི་ཁར་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཆུ་བེད་དབུལ་སྐྱོར་རྣམ་གྲངས་ཆེ་འབྲིང་ཆུང་གསུམ་ལག་བསྟར་བྱས་ནས་ཆུ་བེད་དབུལ་སྐྱོར་ལ་མ་དངུལ་གཏོང་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་དེ་ཡོངས་ཀྱི་ས་ཁུལ་དབུལ་པོར་འཆར་གཞི་བྱས་ནས་སྒོར་དུང་ཕྱུར་161.5གཏོང་རྩིས་ཡོད་པའི་ནང་སྒོར་དུང་ཕྱུར་110.2བཏང་ཟིན་ནས་གཏོང་ཚད་68.2%ཟིན་ཡོད་པ་རེད།
       ཆུ་བེད་ཀྱི་མ་འཇོག་འཆར་གཞིའི་ཐད། ཡུན་ནན་ཞིང་ཆེན་གྱིས་རྫོང་དབུལ་པོར་གཟིགས་སྐྱོང་བྱས་ཤིང་། མི་འབོར་དབུལ་པོའི་འཐུང་ཆུ་འགན་སྲུང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མཐའ་སྐྱོང་འདུ་འགོད་དུ་བྱས་ནས་ས་གནས་ཀྱི་བྱེད་པོའི་འགན་འཁྲི་དང་། འཛུགས་སྐྲུན་དོ་དམ། མ་དངུལ་གྲབས་གསོག ཆུ་སྤུས་འགན་སྲུང་། འཁོར་སྐྱོད་ལམ་སྲོལ་སོགས་འཐུང་ཆུའི་བདེ་འཇགས་འགན་སྲུང་གི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་པ་དང་དུད་ཚང་དབུལ་པོའི“གསལ་རྟོགས་གཱ”ཁྲི་117བཟོས་ནས་དྲིལ་བསྒྲགས་བྱས་ཏེ་མི་འབོར་དབུལ་པོའི་འཐུང་ཆུ་འགན་སྲུང་གི་གནད་དོན་སྤྱི་འདོམས་ཐོག་ཐག་གཅོད་བྱས་ནས་གནད་སྨིན་དབུལ་སྐྱོར་གྲོང་ཚོ་དང་དུད་ཚང་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།