འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལམ་བུས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་ཐུབ་པ། 

—— འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་གཡུང་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་གཡུང་གིས་ཉེ་ཆར་ལོ་40ཡི་སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་པ་དང་མི་འབོར་དུང་ཕྱུར་ཁ་ཤས་དབུལ་པོའི་གནས་ལས་བསྒྲལ་ཞིང་། ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་དང་སྒྱུར་བཅོས་སྒོ་དབྱེའི་ལམ་བུས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
        ཅིན་གཡུང་གིས་ཟླ་11ཚེས་1ནས་ཚེས་7ཉིན་བར་ཀྲུང་གོར་འཚམས་འདྲི་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་། སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་དབུལ་སྐྱོར་གྱི་རྒྱལ་སྤྱིའི་གླེང་སྟེགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོའི“1+6”གི་གྲལ་སྒོར་གླེང་མོལ་ཚོགས་འདུ་སོགས་ཀྱི་རིམ་སྤེལ་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
        ཅིན་གཡུང་གིས་ཀྲུང་གོར་འཚམས་འདྲིར་མ་ཡོང་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ནས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་མཐོ་པོ་བྱས་པ་རེད། འཛམ་གླིང་དངུལ་ཁང་གི་གྲངས་གཞི་ལས་མངོན་པར། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་དཔལ་འབྱོར་ནང་བཟུང་བའི་བསྡུར་ཚད་1978ལོའི་1.5%ནས་མིག་སྔའི་15%ཙམ་བར་འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་1978ལོའི་ཨ་སྒོར་300ནས་2017ལོའི་ཨ་སྒོར་7300བར(2011ལོའི་ཉོ་སྒྲུབ་ནུས་པའི་གཞུང་བཅད་རིན་གོང་ལྟར་རྩིས་པ)འཕར་ཡོད་པ་རེད།
       ཁོང་གིས་བལྟས་ན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལམ་བུའི་ཁྲོད་ནས་ཉམས་མྱོང་ཞིབ་ཕྲ་གཉིས་སློབ་སྦྱོང་བྱ་ཆོག་པ་སྟེ། གཅིག་ནི་སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་དཔལ་འབྱོར་མྱུར་པོ་འཕར་བ་དང་དམངས་ཚོགས་དབུལ་སྒྲོལ་ཡོང་བའི་རྨང་གཞི་ཡིན་པ་དང་། གཉིས་ནི་གཅིག་སྡུད་ཀྱི་རྒྱུན་མཐུད་པའི་དབུལ་པོ་ཉུང་གཏོང་ཐད་འབད་བརྩོན་བྱ་རྒྱུ་དེ་སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་ཧྲིལ་པོའི་ནང་ཁྱབ་པ་བྱས་པས། དབུལ་སྐྱོར་ལས་དོན་ལ་དང་ཐོག་ནས་ཀྲུང་གོ་སྲིད་གཞུང་གི་ཆེས་མཐོ་རིམ་གྱི་རྒྱབ་སྐྱོར་ཐོབ་པ་མ་ཟད་ཆེད་མངགས་སྒྲིག་གཞི་བཙུགས་ནས་དབུལ་སྐྱོར་ལས་དོན་ལ་འགན་འཁུར་གྱི་ཡོད་པ་རེད།
       སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་དུས་མཚུངས་མིག་སྔར་ཀྲུང་གོ་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་། ཀྲུང་གོར་འཚམས་འདྲི་བྱེད་རིང་། ཅིན་གཡུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གྱི་རིམ་མཐོའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་རྒྱུ་རེད། བགྲོ་གླེང་ཚོགས་འདུ་འཚོགས་དོན་ནི་ཀྲུང་གོ་སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྤྱད་པའི་སྒྱུར་བཅོས་བྱ་ཐབས་ངོ་སྤྲོད་བྱེད་པ་མ་ཟད་རྒྱལ་སྤྱིའི་ལག་ལེན་ཡག་ཤོས་ཀྱི་དཔེ་མཚོན་མཉམ་སྤྱོད་ཀྱང་བྱ་ཆེད་ཡིན་པ་རེད།
        ཁོང་གིས་འཛམ་གླིང་དངུལ་ཁང་གིས་རིག་པ་མཉམ་སྤྱོད་དང་། སྲིད་ཇུས་ཀྱི་གྲོས་འགོ། ལག་རྩལ་གྱི་རོགས་སྐྱོར་བཅས་དང་དེ་བཞིན་འཛམ་གླིང་གི་སྔོན་ཐོན་ཉམས་མྱོང་དང་ལེན་བྱས་པ་བརྒྱུད་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་སྒྱུར་བཅོས་སྒོ་དབྱེའི་ཐད་རྒྱབ་སྐྱོར་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད། དེ་དང་ཆབས་ཅིག་འཛམ་གླིང་དངུལ་ཁང་གིས་རྒྱལ་ཁབ་གཞན་དག་ལའང་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་སྒྱུར་བཅོས་བསྟན་ཏེ་ཁོང་ཚོར་ཀྲུང་གོའི་སྒྱུར་བཅོས་ཀྱི་གཟེངས་སུ་ཐོན་པའི་ཉམས་མྱོང་སློབ་སྦྱོང་བྱེད་རོགས་བྱ་རྒྱུའི་ཁས་ལེན་ཡང་བྱ་རྒྱུ་ཡིན། གཞན་ཡང་འཛམ་གླིང་དངུལ་ཁང་གི་རྒྱལ་སྤྱི་གསར་སྤེལ་མཐུན་ཚོགས་དང་ལྷོ་ལྷོ་མཉམ་ལས་ཀྱི་གྲོས་འགོ་དང་དེ་བཞིན་ཀྲུང་གོས་བཏོན་པའི་ཀྲུང་ཧྥེ་མཉམ་ལས་སོགས་ཀྱི་གྲོས་འགོ་བརྒྱུད་འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་གྲོས་གཞིའི་ཐད་མཉམ་ལས་ལ་ཤུགས་སྣོན་རྒྱག་བཞིན་ཡོད་ཅེས་བཤད།
        ཅིན་གཡུང་གིས་འཛམ་གླིང་དངུལ་ཁང་གིས་འདོད་པ་ཡོད་པའི་ཁོངས་མི་ཁག་གཅིག་ལ་རྒྱབ་སྐྱོར་བྱས་ཏེ་ཁོང་ཚོར“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་ཁྲོད་ནས་འཕེལ་རྒྱས་ཀྱི་ཁེ་ཕན་ཆེ་ཤོས་ཐོབ་རྒྱུར་རོགས་རམ་བྱ་རྩིས་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཐད་འཛམ་གླིང་དངུལ་ཁང་ལ་རྣམ་གྲངས་དེ་རིགས་དང་འདྲ་བའི་ནང་ཞུགས་མྱོང་བའི་ཉམས་མྱོང་དང་གཞུང་སྒེར་ལས་རིགས་ལ་ཁྱབ་པའི་ཐུན་མིན་སྒྲིག་གཞི་བཀོད་སྒྲིག་སོགས་ཚུད་པའི་ལེགས་ཆ་མང་པོ་ལྡན་ཡོད་ལ་ཁག་ཐེག་དང་མ་འཇོག་གི་རྩོད་གཞི་ཐག་གཅོད་ལམ་སྲོལ་སོགས་དངུལ་རྩ་དང་དངུལ་རྩ་མིན་པའི་ཞབས་ཞུ་རབ་དང་རིམ་པ་ཡོད་ཅེས་བཤད།
        ད་དུང་ཁོང་གིས་འཛམ་གླིང་དངུལ་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཤུགས་རྐྱེན་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་ཆབས་ཅིག་ཀྲུང་གོའི་སྒྲིག་གཞི་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”རྣམ་གྲངས་ཀྱི་ཚད་གཞི་འཛུགས་པའི་ཐད་ལའང་མཉམ་ལས་བྱེད་བཞིན་ཡོད་ཅེས་བཤད་པ་རེད།