འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་སྣོད་བཅུད་ཁོར་ཡུག་པུའུ་དང་ཞིང་ལས་གྲོང་གསེབ་པུས་མཉམ་འབྲེལ་ཐོག《ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞི》པར་འགྲེམས་བྱས་པའི་ནང་དུ། ཞིང་ལས་དང་གྲོང་གསེབ་ཀྱི་མངོན་གསལ་དོད་པོའི་ཁོར་ཡུག་གནད་དོན་མགྱོགས་མྱུར་ཐག་གཅོད་བྱས་ནས། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་བཏོན་ཡོད་པ་རེད།
          བྱ་སྤྱོད་འཆར་གཞིའི་ནང་དུ། ལོ་གསུམ་རིང་འགག་སྒྲོལ་བྱས་པ་བརྒྱུད། གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་ཐེབས་ནས་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་ལས་དོན་གྱི་ལམ་སྲོལ་དང་སྒྲིག་སྲོལ་གཞི་རྩའི་ཆ་ནས་ཆགས་པ། ཞིང་ལས་དང་གྲོང་གསེབ་ཀྱི་ཁོར་ཡུག་ལྟ་འདོམས་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གྲོང་གསེབ་ཀྱི་ཡུལ་མི་ཞིང་ལས་དང་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཞུགས་པའི་ཧུར་སེམས་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། 2020ལོར་སླེབས་སྐབས། “སྲུང་སྐྱོང་གཅིག་དང་། བཅོས་སྒྲིག་གཉིས། ཉུང་གཏོང་གསུམ། མཐོར་གཏོང་བཞི”མངོན་འགྱུར་ཐུབ་རྒྱུ་སྟེ། “སྲུང་སྐྱོང་གཅིག”ནི། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྔར་བས་འགན་ལེན་བྱ་རྒྱུ། “བཅོས་སྒྲིག་གཉིས”ནི། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་བྱས་ནས་གྲོང་ཚོའི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པོ་ཡོང་བར་བྱ་རྒྱུ། “ཉུང་གཏོང་གསུམ”ནི། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་དང་ཞིང་ལས་སྤྱོད་ཆུའི་བསྡོམས་འབོར་ཉུང་དུ་གཏོང་རྒྱུ། “མཐོར་གཏོང་བཞི”ནི། གཙོ་བོར་ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་གིས་བཟོས་པའི་ཚད་བརྒལ་ཆུ་སྤུས་དང་། ཞིང་ལས་ཀྱི་བེད་མེད་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད། ཁོར་ཡུག་ལྟ་འདོམས་བྱེད་ཤུགས། གྲོང་གསེབ་ཀྱི་ཡུལ་མི་ཞུགས་ཚད་བཅས་མཐོ་རུ་གཏོང་རྒྱུ།
         བྱ་སྤྱོད་འཆར་གཞིའི་ནང་དུ་ལས་འགན་གཙོ་བོ་ཕྱོགས་ལྔ་བཏོན་ཡོད་དེ།
         གཅིག་ནས་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སྟེ། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོར་བརྟག་ཞིབ་དཔྱད་དཔོག་དང་སྲུང་སྐྱོང་ཁུལ་དབྱེ་མཚམས་གཏན་འཁེལ་བྱས་ཐོག གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུ།
          གཉིས་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་སྟེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཐོག གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་སྒྲིག་བཀོད་ཡུན་རིང་འཁོར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ།
          གསུམ་ནས་གསོ་ཚགས་ལས་རིགས་ཀྱི་སྦགས་བཙོག་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སྟེ། གསོ་ཚགས་ཐོན་སྐྱེད་དྭངས་གཙང་ཅན་དང་ཐོན་ལས་དཔེ་དབྱིབས་སྣོད་བཅུད་ཅན་ལ་སྐུལ་འདེད་བཏང་ནས་བྱ་བྲུན་དང་ཕྱུགས་རིགས་ཀྱི་ལྕི་བའི་སྦགས་བཙོག་ཐོན་ཁུངས་ལ་བསྒྱུར་ནས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་དང་། བྱ་དང་ཕྱུགས་རིགས་ཀྱི་གཞི་ཁྱོན་ཅན་གྱི་གསོ་ཚགས་ཁོར་ཡུག་ལ་ལྟ་འདོམས་ནན་པོ་བྱེད་པ། ཆུ་ཐོན་དངོས་རིགས་གསོ་ཚགས་ཀྱི་སྦགས་བཙོག་འགོག་བཅོས་དང་ཆུ་སྐྱེས་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ།
         བཞི་ནས་འདེབས་འཛུགས་ལས་རིགས་ཀྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱ་རྒྱུ་སྟེ། རྫས་ལུད་དང་ཞིང་སྨན་ཉུང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་དང་། སོག་མ་དང་ཞིང་སྤྱོད་འགྱིག་ཤོག་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འདེབས་འཛུགས་ཀྱི་ཐོན་ལས་དཔེ་དབྱིབས་སྣོད་བཅུད་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྨོ་ཞིང་རིགས་དབྱེའི་དོ་དམ། ཁད་སོགས་ལྕི་བའི་ལྕགས་རིགས་དང་འབྲེལ་བའི་གཙོ་གནད་ལས་རིགས་དང་ཁེ་ལས་ལ་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱ་རྒྱུ།
        ལྔ་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་ལ་ལྟ་འདོམས་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།