འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་དུག་རྩྭ་སོ་མ་ར་ཙ་ཁྲིམས་མཐུན་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་ཀྲུང་གོའི་རྒྱུན་སྡོད་འཐུས་མི་ཝང་ཆུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྲིད་སྨན་ཐོན་རྫས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དུག་རྩྭ་སོ་མ་ར་ཙ་ཁྲིམས་མཐུན་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
        ཝང་ཆུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས། དུག་རྩྭ་སོ་མ་ར་ཙ་གནོད་འཚེ་ར་སྤྲོད་བྱུང་ནས་ཡུན་རིང་ཕྱིན་ཡོད། དེ་ནི་རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་སུ་བཀག་འགོག་བྱེད་དགོས་ཞེས་ཁ་གསལ་བཏོན་པའི་དངོས་པོ་ཞིག་རེད། ཡིན་ན་ཡང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁ་ཤས་ཀྱིས་སྤྱི་ཆིངས་ཀྱི་འོས་འགན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་བྱས་པར་མི་ལྟོས་པར་དུག་རྩྭ་སོ་མ་ར་ཙ་སྨན་བཅོས་མ་ཡིན་པའི་སྤྱོད་སྒོ་ཁྲིམས་མཐུན་ཅན་དུག་རྩྭ་སོ་མ་ར་ཙ་འཛད་རྫས་ཤིག་ཏུ་གྱུར་པར་བྱས་པ་རེད། འདི་ལོའི་ཟླ་བཅུ་པར། རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་ཀྱི་ཁ་ཆད་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་མཁན་རྒྱལ་སྤྱིའི་སྦྲིད་སྨན་ཐོན་རྫས་བཀག་སྡོམ་ཅུས་ཀྱིས། ཁ་ན་ཏས་དུག་རྩྭ་སོ་མ་ར་ཙ་ཁྲིམས་མཐུན་ཅན་ལ་བསྒྱུར་པའི་བྱེད་སྟངས་ལ་ཆེད་དུ་གསལ་བསྒྲགས་སྤེལ་ནས། ཁ་ན་ཏའི་བྱེད་སྟངས་འདི་རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་དང་འགལ་ཡོད་ཅེས་སྐྱོན་བརྗོད་བྱས་པ་རེད། ཀྲུང་གོས་རྒྱལ་སྤྱིའི་སྦྲིད་སྨན་ཐོན་རྫས་བཀག་འགོག་ཅུས་ཀྱི་གོང་གསལ་གསལ་བསྒྲགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། དུག་རྩྭ་སོ་མ་ར་ཙ་ཁྲིམས་མཐུན་ཅན་དུ་བསྒྱུར་པའི་བྱེད་སྟངས་འདི་རིགས་ལ་ངོ་རྒོལ་དང་དོ་ཁུར་བྱེད་ཀྱི་ཡོད་ཅེས་བརྗོད།
        ཝང་ཆུན་གྱིས། དུག་འགོག་བཅོས་སྐྱོང་ནི་གོ་ལ་ཧྲིལ་པོའི་སྤྱི་ཚོགས་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དུག་རྫས་ཀྱི་གནད་དོན་ལ་ཁ་གཏད་ཡག་པོ་གཅོག་རྒྱུ་དེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་བཅུག་ཡོད། མིག་སྔའི་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུག་རྫས་ཀྱི་གནས་ཚུལ་མདུན་དུ། རྒྱལ་ཁབ་ཁག་ནི་ཁེ་ཕན་འབྲེལ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས། རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་ལ་གཡོ་འགུལ་གཏོང་བ་དང་ཡང་ན་དེའི་ནུས་པ་ཆུང་དུ་གཏོང་བ། རྒྱལ་སྤྱིའི་དུག་འགོག་ལམ་སྲོལ་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱེད་སྤྱོད་གང་རུང་གིས་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་ཐེབས་སྲིད་ཅེས་བརྗོད།
        ཝང་ཆུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་འཁྲི་ཐུན་མོང་ཐོག་ཡོད་པ་དང་འགན་འཁྲི་མཉམ་དུ་འཁུར་བའི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་འོས་འགན་ལག་བསྟར་སྔར་བས་ཏན་ཏིག་གིས་ཁྱོན་ཡོངས་ཕྱོགས་བསྡུས་ཀྱི་དོ་སྙོམས་ཐབས་ཇུས་བཏོན་ནས། དུག་རྫས་ཀྱི་གནོད་འཚེར་ཁ་གཏད་སྔར་བས་ནུས་ལྡན་བཅག་སྟེ་མིའི་རིགས་ཀྱི་བདེ་ཐང་སྲུང་སྐྱོང་ལ་འབད་འཐབ་དེ་བས་ཆེན་པོ་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
        ཝང་ཆུན་གྱིས་ད་དུང་ཀྲུང་གོས་རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་ལག་བསྟར་ནན་ཏན་བྱེད་ཚུལ་དང་ཉེ་བའི་ལོ་ཤས་རིང་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་ཀྱང་བྱས་པ་རེད།
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྲིད་སྨན་ཐོན་རྫས་ཨུ་ལྷན་ལ་ད་ཆ་ཁོངས་མི་53ཡོད་ལ། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་དུག་འགོག་སྲིད་ཇུས་བཟོ་བ་དང་དོན་འཁྱོལ་བྱེད་པའི་སྒྲིག་གཞི་ཞིག་ཡིན་པ་མ་ཟད། ད་དུང་ཕྱོགས་མང་གི་རྒྱལ་སྤྱིའི་དུག་རྫས་བཅོས་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད།