འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་བའི་
བྱེད་སྒོ“ངའི་ཕུགས་འདུན”ཞེས་པའི་འཁྲབ་སྟོན་ལིན་ཁེན་ལྟེ་གནས་སུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་བའི་བྱེད་སྒོ་ཡིན་པའི་ཀྲུང་གོ་དབང་སྐྱོན་སྒྱུ་རྩལ་ཚོགས་པའི“ངའི་ཕུགས་འདུན”ཞེས་པའི་འཁྲབ་སྟོན་དེ་ཚེས་6ཉིན་གྱི་དགོང་དྲོ་ཉིའུ་གཡོད་ཀྱི་ལིན་ཁེན་ལྟེ་གནས་སུ་གཉེར་བ་རེད།
       དེ་ཉིན་དགོང་དྲོ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་མཱ་ཁྲའོ་ཤུས་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་73པའི་ཀྲུའུ་ཞི་ཨའེ་སི་ཕི་ནུའོ་ས། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཅཱ་ཡུང་བཅས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་སོགས་མི་900ཙམ་གྱིས་འཁྲབ་སྟོན་ལ་བལྟས་པ་རེད།
      མཱ་ཁྲའོ་ཤུས་ཀྱིས་ཤིས་ཚིག་བསྒྲོན་སྐབས་ཀྲུང་གོའི་དབང་སྐྱོན་སྒྱུ་རྩལ་མཁས་ཅན་ནི་མེ་ཚེའི་ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་འབད་འཐབ་པ་ཞིག་རེད། 2000ལོ་ནས་བཟུང་ཁོང་ཚོས་རྒྱལ་ཁབ་100ལྷག་ཙམ་གྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཏེ་འཛམ་གླིང་གི་མི་དམངས་ལ་སྒྱུ་རྩལ་གྱི་ཉམས་འགྱུར་དང་མི་གཤིས་ཀྱི་འོད་སྣང་མངོན་པར་བྱས་ཡོད། 2007ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་ཀྲུང་གོའི་དབང་སྐྱོན་སྒྱུ་རྩལ་ཚོགས་པར“ཞི་བདེའི་སྒྱུ་རྩལ་མཁས་ཅན”གྱི་མཚན་སྙན་སྤྲད་ཡོད་ལ་ཁོང་ཚོས“མིའི་རིགས་ཀྱི་ལ་རྒྱ་ཟབ་ཏུ་གཏོང་རྒྱུ་དོན་གཉེར་དང་། ཕན་ཚུན་བསམ་ཤེས་ལ་སྐུལ་འདེད། ཞི་བདེའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཐད་ཕུལ་བའི་ལེགས་སྐྱེས”ལ་གཟེངས་བསྟོད་ཀྱང་བྱས་པ་རེད། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་རྒྱལ་ཁབ་ཁག་གི་འཐུས་ཚབ་ཀྱིས་འཁུར་བའི་འགན་འཁྲི་དང་འགྱུར་མེད་ཀྱི་དོན་གཉེར་ཞིག་རེད། དབང་སྐྱོན་སྒྱུ་རྩལ་མཁས་ཅན་ཚོའི་འཁྲབ་སྟོན་ལས་སྐྱེ་བོ་ཀུན་ལ་ཚོར་སྣང་ཞིག་འབྱིན་ཐུབ་པས་དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་གཞོལ་བའི་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།
       ཨའེ་སི་ཕི་ནུའོ་སས་ཤིས་ཚིག་ནང་ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རིང་ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་བར་བསྔགས་བརྗོད་བྱས་ཤིང་། ཁོང་གིས་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག“དབང་པོ་སྐྱོན་ཅན་གྱི་ཁེ་དབང”དེ་སྔོན་འགྲོའི་དོན་གནད་བདུན་གྱི་གྲས་ཤིག་ཏུ་འཇུག་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བརྗོད་ན་སྒྱུ་རྩལ་མཁས་ཅན་ནི་རིག་གནས་ལ་བརྟེན་ནས་ལ་རྒྱ་དང་། བརྩི་འཇོག བསྟུན་མཁས་བཅས་བརྒྱུད་སྤྲོད་བྱེད་མཁན་མཛའ་བཤེས་ཕོ་ཉ་ཞིག་རེད་ཅེས་བཤད།
       པ་ལིའི་ཞབས་བྲོའི་ལག་བརྡའི་སྙན་ངག《ངའི་ཕུགས་འདུན》ཞེས་པའི་སྒེག་ཉམས་ཁྲོད་འཁྲབ་སྟོན་འགོ་ཚུགས་ཤིང་། སྒྱུ་རྩལ་མཁས་ཅན་ཚོས་སྔ་རྗེས་སུ་ཞབས་བྲོ་དང་། ཅིང་ཅུས་ཁྲང་ཞི། གླུ་གཞས་སོགས་རྣམ་པ་ཕུན་སུམ་ཚོགས་ལ་ཁྱད་དུ་འཕགས་པའི་འཁྲབ་སྟོན་ཁྲོད་བག་ཡངས་ཤིང་ཡིད་ཆེས་ཀྱིས་ཁེངས་པ་དང་། ནམ་ཡང་དཔའ་མི་ཞུམ་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པས་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་ཐོབ་ཡོད།