འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།མཐའ་བརྟན་དམངས་ཕྱུག་ལས་དོན་ལྷོ་བྲག་ཡུལ་དུ་སྤེལ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་ལྷོ་བྲག་རྫོང་གི་རྣམ་པ་ཡིན་པ།
འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་ལྷོ་བྲག་རྫོང་གི་རྣམ་པ་ཡིན་པ།
     ཀྲུང་གོ་དང་འབྲུག་ཡུལ་རྒྱལ་ཁབ་ཀྱི་ས་མཚམས་སུ་གནས་པའི་ལྷོ་བྲག་རྫོང་གི་ཁོངས་སུ་མཐའ་མཚམས་ས་ཐིག་སྤྱི་ལེ་240ཡོད་པ་དག་གདོད་མའི་ནགས་ཚལ་དང་། ཆུ་བོ་དྲག་ཏུ་རྒྱུག་པའི་གྲོག་རོང་། ས་མཐོའི་རྩྭ་ར་བཅས་ཡིན་པ་ཕལ་མོ་ཆེར་མི་སླེབས་མྱོང་མེད་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ལྷོ་བྲག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། བོད་ཀྱི་མཐའ་བརྟན་དམངས་ཕྱུག་དང་མཐའ་མཚམས་སྲ་བརྟན་གཏོང་བའི་ཐད་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་གསོན་ཉམས་ལྡན་པ་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
     རྒྱལ་ལ་ཕུག་གྲོང་ཚོ་གནས་སའི་ལ་རྒྱབ་ཤང་གི་དཔལ་ཡུལ་ནི་ལྷོ་བྲག་རྫོང་གི་ཐག་རིང་ཤོས་ཀྱི་ལུང་ཁུག་ཅིག་ཡིན། དེར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་རྐྱེན་དཀའ་ཚེགས་ཆེ་ནའང་། དེ་གའི་མང་ཚོགས་མི་རབས་མང་པོས་བློ་གཅིག་སེམས་གཅིག་གིས་མཐའ་མཚམས་སྲུང་སྐྱོང་དང་བདག་དབང་གསལ་བསྒྲགས་བྱེད་པའི“བསམ་བློའི་མཐོ་ས”ཞིག་རེད།
     ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུན་བཟང་བསྟན་འཛིན་ནི་ཆུང་དུས་ནས་ལ་རྒྱབ་ཤང་ལ་འཚོ་བ་བསྐྱལ་མྱོང་། ལོ་དེར་ཀུན་བཟང་བསྟན་འཛིན་གྱིས་མང་ཚོགས་དཀའ་སྡུག་གིས་མནར་བ་སེམས་ཀྱིས་མ་བཟོད་པར་རང་ཉིད་ཀྱི་ཞང་པོ་གཉིས་དང་། གཅེན་པོ། གཅུང་པོ་བཅས་མི་བཞིར་སྐུལ་སློང་བྱས་ནས་ཕྱུགས་ཟོག་62ཁྲིད་དེ་རྨ་རྒྱལ་ཐང་ས་ཚིགས་སུ་ཐོག་མར་སྤོས་ཏེ་ཕྱུགས་འཚོ་བའི་ཞོར་ལ་མེས་རྒྱལ་གྱི་བླ་ན་མེད་པའི་བདག་དབང་སྲུང་སྐྱོང་བྱེད་ཀྱི་ཡོད།
     རྗེས་སུ་ཀུན་བཟང་བསྟན་འཛིན་ཁྱིམ་ཚང་གི་སྣེ་ཁྲིད་འོག་མཐའ་མཚམས་ཀྱི་འཐབ་ས་མདུན་མར་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བར་འགྲོ་མཁན་མང་ཚོགས་ཇེ་མང་དུ་གྱུར།
     2016ལོར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཐེམ་དུད་8ཀྱི་མང་ཚོགས་16ལས་གྲུབ་པའི་ལ་རྒྱབ་ཤང་གི་རྒྱལ་ལ་ཕུག་གྲོང་ཚོ་དངོས་སུ་བཙུགས་པ་རེད།
     “འཚོ་བ་ལོ་རེ་བཞིན་ཡག་ཏུ་སོང་ནས་ལོ་གསུམ་ནང་འབྱོར་འབྲིང་ལ་སླེབས་སོང”ཞེས་རྒྱལ་ལ་ཕུག་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱི་ཟིན་བྲིས་དེབ་ནང་རྒྱལ་ལ་ཕུག་དེ་ཐག་རིང་ལུང་ཁུག་གི་འབྲོག་པའི་ས་ཚིགས་ཤིག་ནས“ཡུད་ཙམ”ལ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར“འཕོ་འགྱུར”བྱུང་བའི་བརྒྱུད་རིམ་གསལ་པོར་བྲིས་ཡོད།
     2016ལོར་གོང་རིམ་གྱིས་རྒྱལ་ལ་ཕུག་གྲོང་ཚོ་དེ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་འཛུགས་སྐྲུན་ལ་བརྩིས་ནས་ལོ་དེར་འཕྲིན་ལྕོགས་སོགས་རྨང་གཞིའི་སྒྲིག་བཀོད་སྐྲུན་འགོ་ཚུགས་པ་དང་། 2017ལོར་ལ་རྒྱབ་ཤང་ནས་རྒྱལ་ལ་ཕུག་གྲོང་ཚོའི་བར་གྱི་སྤྱི་ལེ་46ཙམ་ལ་རིམ་པ་བཞི་པའི་གསེག་མའི་ལམ་ཁྱོན་ཡོངས་ནས་འདིང་འགོ་ཚུགས་པ། 2018ལོར་རྒྱལ་ལ་ཕུག་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་ཏེ་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་པ་མ་ཟད། ལ་རྒྱབ་ནས་རྒྱལ་ལ་ཕུག་བར་གྱི་གཞུང་ལམ་ཡང་དགུན་ཁ་མ་ཤར་གོང་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་ཡོད།
     རྒྱལ་ལ་ཕུག་གྲོང་ཚོ་གནས་ཡུལ་གྱི་ཆུ་བོའི་སྟོད་རྒྱུད་ཀྱི་ས་མཐོའི་རྩྭ་རར་བརྒྱབ་པའི་ཐོག་བརྩེགས་གཉིས་ལྡན་གྱི་ཁང་གསར་སྟར་པ་མུ་ཏིག་སྟར་ལ་རྒྱུས་འདྲའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ།
     “སྣུམ་ནག་ལམ་ཤར་གཏོང་ཐུབ་ནས་ད་ཆ་རྫོང་མཁར་དུ་ཆུ་ཚོད་གཉིས་ནང་སླེབས་ཀྱི་ཡོད”ཀུན་བཟང་བསྟན་འཛིན་གྱིས་བཤད་ཅིང་། ཁོང་གིས་ད་ཆའི་རྒྱལ་ལ་ཕུག་གྲོང་ཚོའི་ཐེམ་དུད་རེར་ཆ་སྙོམས་འབྲི་གཡག་50ཙམ་ཡོད་པ་དང་མི་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6ལྷག་ཟིན་ཡོད་ཅེས་བཤད།
     ལོ་77ལ་སླེབས་པའི་ཀུན་བཟང་བསྟན་འཛིན་གྱི་ཞང་པོ་རྒད་པོ་བསོད་ནམས་ཆོས་འཕེལ་གྱིས“ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་འབྲོག་པ་མང་ཚོགས་ཕྱུག་པོ་ཆགས་པས་ང་ཚོའི་བུ་ཕྲུག་ཚང་མས་རྒྱལ་ཁབ་ཀྱི་མཐའ་མཚམས་ཡག་པོ་སྲུང་ངེས་རེད”ཅེས་བཤད།
     “དུས་ཡུན་རིང་པོར་མཐའ་མཚམས་ཀྱི་འཐབ་ས་མདུན་མར་དཀའ་སྡུག་མྱངས་ནས་ལེགས་སྐྱེས་འབུལ་བའི་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་སྟེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ནི་ཏང་དང་སྲིད་གཞུང་གི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད”ཅེས་ལྷོ་བྲག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཐན་ཝུའུ་ཡིས་དེ་ལྟར་བཤད་ཅིང་། ཁོང་གིས་རྒྱལ་ལ་ཕུག་གྲོང་ཚོ་འཕེལ་རྒྱས་སོང་བ་ནི་བོད་ཀྱི་མཐའ་བརྟན་དམངས་ཕྱུག་འདུ་འགོད་ཀྱི་ཆ་ཤས་ཤིག་རང་རེད་ཅེས་བཤད།
     མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མེས་རྒྱལ་གྱི་མཐའ་མཚམས་སྲ་བརྟན་ཡོང་བ་དང་མཐའ་མཚམས་ས་ཁུལ་གྱི་མི་འབོར་དབུལ་པོ་དུས་བཀག་བཞིན་དབུལ་སྒྲོལ་ཡོང་བ་བྱ་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་628ལ་སྡོད་ཁང་ལེགས་བཅོས་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་ཚང་། དམངས་ཕྱུག་ཐོན་ལས་འཕེལ་རྒྱས། སྣོད་བཅུད་དང་སྡོད་མལ་ཁོར་ཡུག་ལེགས་བཅོས་བཅས་གཙོ་བོར་བྱེད་པའི་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་ལག་ལེན་བསྟར་ཡོད།
    2016ལོའི་ལོ་འགོར་ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ“དམངས་ཡོངས་ཀྱིས་ས་ཆ་སྲུང་བའི”མཐའ་བརྟན་དམངས་ཕྱུག་གི་ཚོད་ལྟའི་འདུ་འགོད་གསར་གཏོད་ལྡན་པའི་ངང་ལག་ལེན་བསྟར་བའི་གྲོས་འགོ་བཏོན་ནས་མཐའ་མཚམས་ཀྱི་འཐབ་ས་མདུན་མའི་མང་ཚོགས་ཀྱི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་ཆེས་ཆེར་བཏང་བ་དང་། མཐའ་མཚམས་མང་ཚོགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ནས།“དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཞི་མཐུན་ལྡན་པ། མཐའ་མཚམས་ཀྱི་མང་ཚོགས་འབྱོར་ཕྱུག་ལྡན་པ། མཐའ་མཚམས་བརྟན་ལྷིང་ཐུབ་པ”བཅས་ཀྱི་མཐའ་བརྟན་དམངས་ཕྱུག་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
    “མང་ཚོགས་ཕྱུག་པོ་ཆགས་ཚེ་གཞི་ནས་མཐའ་མཚམས་སྟོབས་ཆེར་འགྲོ་བ་དང་། མཐའ་མཚམས་སྟོབས་ཆེར་སོང་ཚེ་མང་ཚོགས་སྔར་བས་ཕྱུག་པོ་ཆགས་ཐུབ”ཅེས་ཀྲའོ་ཐན་ཝུའུ་ཡིས་བཤད་པ་དང་། ཁོང་གིས་མཐའ་བརྟན་དམངས་ཕྱུག་གི་སྲིད་ཇུས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲ་བརྟན་གཏོང་བའི་ཞིང་འབྲོག་པའི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་སྟེ་མང་ཚོགས་དབུལ་སྒྲོལ་དང་བློ་བདེ་བྱུང་བ་མ་ཟད། ཐོན་སྐྱེད་དང་སྐོར་གཡེང་མཉམ་དུ་བྱེད་པའི“དམག་གོས་མི་གྱོན་པའི་སོ་དམག”སྟེ་མཐའ་མཚམས་ཀྱི་འཐབ་ས་མདུན་མའི་མང་ཚོགས་ཀྱིས་མཐའ་མཚམས་སུ་སྐོར་གཡེང་དང་བདག་དབང་སྒྲོག་པའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་མཐའ་མཚམས་སྲུང་མཁན་དཔུང་སྡེའི་དཔོན་དམག་གི་ལས་རོགས་བཟང་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
     ཀྲའོ་ཐན་ཝུའུ་ཡིས“བོད་ཀྱི་མཐའ་མཚམས་ཀྱི་འཐབ་ས་མདུན་མར་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་བ་དེས་མི་དམངས་ཀྱི་སྟོབས་ཤུགས་ཞེས་པ་གང་ལ་གོ་བ་དང་། རྒྱལ་ཁབ་སྟོབས་ཆེར་གྱུར་པ་ཞེས་པ་གང་ལ་ཟེར་བར་མྱོང་ཚོར་ཟབ་མོ་བྱུང”ཞེས་བཤད།