འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།ཐེ་རོན་ཕུ་ཡིས་ཕ་རི་སིར་ཕུའུ་ཅིང་དང་ཕྱོགས་གཉིས་པོའི་མཇལ་འཛོམས་བྱ་རྒྱུ་མིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་གཟའ་མཇུག་འདིར་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ་བྱེད་སྒོར་ཞུགས་སྐབས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཕྱོགས་གཉིས་པོའི་མཇལ་འཛོམས་བྱ་རྒྱུ་མིན་ཞེས་བརྗོད་ཡོད།
        ཐེ་རོན་ཕུས་ཉིན་དེར་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག ཧྥ་རན་སི་རུ་འཛམ་གླིང་དམག་ཆེན་ཐེངས་དང་པོ་མཇུག་བསྒྲིལ་ནས་ལོ་ངོ་བརྒྱ་འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་རིང་། ཕུའུ་ཅིང་སོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་མཉམ་དུ་གུང་ཟས་ལ་རོལ་རྒྱུ་ལས། ཕུའུ་ཅིང་དང་ལོགས་སུ་ཕྱོགས་གཉིས་པོའི་མཇལ་འཛོམས་བྱ་རྒྱུ་མིན་ཞེས་བརྗོད་ཡོད།
         ཐེ་རོན་ཕུའུ་ཡིས་ད་དུང་ཕུའུ་ཅིང་དང་མཉམ་དུ་མི་འགྱངས་བར་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་དབུ་ཚོགས་འཚོགས་རིང་མཇལ་འཛོམས་བྱ་རྒྱུ་ཡིན་པས། དེ་ལ་རེ་སྒུག་བྱས་ཡོད་ཅེས་བརྗོད་ཡོད།
        ཟླ་11ཚེས་7ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་གི་ལག་རོགས་ཝུའུ་ཧྲ་ཁེ་ཧྥུ་ཡིས་མོ་སི་ཁོ་རུ་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རི་ལ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་ཟླ་འདིའི་ཚེས་11ཉིན་ཕ་རི་སིར་མཇལ་འཛོམས་བྱས་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་དམག་ཆེན་ཐེངས་དང་པོ་མཇུག་བསྒྲིལ་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་དོ་ཁུར་བྱེད་ཚད་ལ་གནོད་པ་ཐེབས་ཡོང་བའི་སེམས་ཁྲལ་ཡོད་ལུགས་བསྟན་ཡོད་པས། ཨུ་རུ་སུ་དང་ཨ་རི་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་ཙུང་ཐུང་གི་ཕྱོགས་གཉིས་མཇལ་འཛོམས་དེ་ཟླ་11པའི་ཟླ་མཇུག་གི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་པུ་དབྱི་ནོ་སི་ཨེ་ལི་སིའི་དབུ་ཚོགས་འཚོགས་རིང་བར་དུ་ཕྱིར་འགྱངས་བྱས་ཡོད།
        ཝུའུ་ཧྲ་ཁེ་ཧྥུ་ཡིས། སྔོན་དཔག་བྱས་ན་ཕུའུ་ཅིང་དང་ཐེ་རོན་ཕུ་ཡིས་ཟླ་འདིའི་ཚེས་11ཉིན། འཛམ་གླིང་དམག་ཆེན་ཐེངས་དང་པོ་མཇུག་བསྒྲིལ་ནས་ལོ་ངོ་བརྒྱ་འཁོར་བའི་དྲན་གསོའི་བྱེད་སྒོའི་གུང་ཟས་རོལ་སྐབས། ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་པོའི་འབྲེལ་བའི་སྐོར་ནས་གླེང་མོལ་ཐུང་ངུ་བྱ་རྒྱུ་ཡིན་པ་དང་། 《འབྲིང་འཕེན་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》ཐད་ཀྱི་གནད་དོན་དང་ཡང་འབྲེལ་སྲིད་ཅེས་བརྗོད་ཡོད། 
        ཟླ་11ཚེས་7ཉིན། ཨ་རིའི་ཕོ་བྲང་དཀར་པོ་ནས་གསལ་བསྒྲགས་སྤེལ་དོན། ཐེ་རོན་ཕུ་ཡིས་ཟླ་འདིའི་ཚེས་9ཉིན་ནས་ཚེས་11ཉིན་བར། ཧྥ་རན་སིར་འཚམས་འདྲི་བསྐྱོད་རྒྱུ་དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་མཉམ་དུ་འཛམ་གླིང་དམག་ཆེན་ཐེངས་དང་པོ་མཇུག་བསྒྲིལ་ནས་ལོ་ངོ་བརྒྱ་འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་ཡིན་ལ། དེའི་རིང་ཧྥ་རན་སིའི་ཙུང་ཐུང་མ་ཁེ་རུན་དང་ཕྱོགས་གཉིས་པོའི་མཇལ་འཛོམས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་རེད།
        ད་ལོའི་ཟླ་7ཚེས་16ཉིན། ཐེ་རོན་ཕུ་དང་ཕུའུ་ཅིང་གཉིས་ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁིར་མཇལ་འཛོམས་བྱས་པ་དང་། དེ་ནི་ཐེ་རོན་ཕུ་ཡིས་ཨ་རིའི་ཙུང་ཐུང་གི་འགན་བཞེས་ཚུན། ཨ་རི་དང་ཨུ་རུ་སུའི་ཙུང་ཐུང་གི་དངོས་གཞིའི་མཇལ་འཛོམས་ཐོག་མ་རེད།