འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།དབུན་ཁྲོན་དང་ཀན་ལྷོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་འབྱོར་ནས་རིན་མེད་སྨན་བཅོས་བྱེད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་དབུན་ཁྲོན་དང་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་30ལྷག་ཙམ་ཕ་མ་དང་སྨན་དོན་པའི་རོགས་རམ་འོག ཚེས་6ཉིན་མེ་འཁོར་Z50དང་Z56ལ་བསྡད་དེ་པེ་ཅིང་གི་བབས་ཚུགས་ནུབ་མར་འབྱོར་བ་རེད།
     དགའ་བསུའི་མཛད་སྒོ་སྟབས་བདེ་ཞིག་གཉེར་རྗེས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དེ་དག་གིས་ནང་མི་དང་སྨན་དོན་པའི་རོགས་རམ་འོག རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་ཀྱི་པེ་ཅིང་ཨན་ཀྲེན་སྨན་ཁང་དང་། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་ཀྱི་པེ་ཅིང་ཐེན་ཐན་སྨན་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་སྤྱི་ཁྱབ་སྨན་ཁང་། པེ་ཅིང་ཧྭ་ཤིང་སྨན་ཁང(ཆིང་ཧྭ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ) འཕྲོད་བསྟེན་པུའུ་ཀྲུང་རི་མཛའ་གྲོགས་སྨན་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་དྲུག་པ། པེ་ཅིང་གློག་ཤུགས་སྨན་ཁང་། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་ཀྱི་པེ་ཅིང་ཐུང་རེན་སྨན་ཁང་བཅས་སྙིང་ནད་ཀྱི་ནད་ཐོག་སྨན་བཅོས་ཆུ་ཚད་ཅུང་མཐོ་བ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་ཁང་10རུ་སྨན་བཅོས་བྱ་རྒྱུ་རེད། དེ་དང་ཆབས་ཅིག ནད་པའི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་གང་ཐུབ་བྱ་ཆེད། “སེམས་མཐུན·ཀྲུང་གོའི་བསམ་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱིས་ནད་པའི་སྨན་རིན་དང་ནད་པ་དང་མཉམ་དུ་ཡོང་མཁན་ནང་མིའི་ལམ་གྲོན་དང་འཚོ་བའི་འགྲོ་སོང་ཚང་མ་གཏོང་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དེ་དག་ནི“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཀྱིས་འདི་ལོའི་ཟླ་ལྔ་པ་དང་བདུན་པར་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་དབུན་ཁྲོན་རྫོང་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་དམིགས་ཏེ་གཞི་ཁྱོན་ཆེ་བའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་ལས་གདམ་སྒྲུག་བརྒྱབ་རྗེས་གཏན་འཁེལ་བྱས་པ་ཞིག་ཡིན་པ་རེད།