འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།ཕེང་ལི་ཡོན་གྱིས་ཨ་རིའི་ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་པེའར་• ཀའེ་ཚི་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླའམ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འདུས་འདྲིལ་གཅོང་ནད་དང་ཨེ་ཙི་ནད་འགོག་བཅོས་ཀྱི་མཐུན་འབྲེལ་གཞུང་ཚབ་ཕེང་ལི་ཡོན་གྱིས་ཧྲང་ཧའེ་རུ་ཨ་རིའི་ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་པེའར་•ཀའེ་ཚི་དང་མཇལ་འཕྲད་གནང་ཡོད།
         ཕེང་ལི་ཡོན་གྱིས། དུས་ཡུན་རིང་པོའི་ནང་ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱིས་དབུལ་པོ་ཉུང་གཏོང་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་བ་མ་ཟད། ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཨེ་ཙེའི་ནད་སྔོན་འགོག་ཚོད་འཛིན་དང་བདེ་ཐང་དབུལ་སྐྱོར། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ནུས་པ་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་སྤེལ་ཡོད་པར་བསྟན་ཡོད།
        ཕེང་ལི་ཡོན་གྱིས། མིག་སྔར་ཀྲུང་གོས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་། གནད་འཁེལ་དབུལ་སྐྱོར་ལག་བསྟར། ནད་ཕོག་ནས་དབུལ་པོར་ཆགས་པ་དང་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོར་ཆགས་པ་སྔོན་འགོག་བྱེད་པ་མ་ཟད། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ལས་དོན་དང་བདེ་ཐང་བཅོས་སྐྱོང་ནང་ཧུར་ཐག་ངང་ཞུགས་ཡོད། ང་ཚོས་ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་པོའམ་ཕྱོགས་གསུམ་མཉམ་ལས་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་སྟེ། དེའི་ནང་ཀྲུང་གོའི་འཕྲོད་བསྟེན་ཤེས་ལྡན་པའི་ནུས་པ་འཛུགས་སྐྱོང་དང་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་གྱི་ཆེད་ལས་དཔུང་ཁག་གྲབས་གསོག་མཐོར་འདེགས་སུ་གཏོང་བ་ཚུད་ཡོད་ཅེས་བརྗོད་ཡོད།
        ཀའེ་ཚི་ཡིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་ཡོད་ཅིང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་དྲོའི་འགོ་ཚུགས་མཛད་སྒོའི་ཐོག་སྤེལ་བའི་གཙོ་དོན་གཏམ་བཤད་ཀྱིས་མི་སེམས་སྒུལ་བྱུང་། དེང་གི་རྙོག་དྲ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག ཀྲུང་གོས་སྒོ་འབྱེད་དཀྱེལ་ཡངས་དང་གཉིས་ཕན་མཉམ་རྒྱལ་གྱི་དགོངས་པ་བཟུང་ནས་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པ་ནི་ཧ་ཅང་ལས་སླ་པོ་ཞིག་མིན་ལ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ནང་མིའི་རིགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་འཕྲད་བཞིན་ཡོད། ངས་ཀྲུང་གོས་དབུལ་སེལ་ཁྱབ་ཁོངས་ནང་བླངས་པའི་གྲུབ་འབྲས་ཆེན་པོ་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཚད་མེད་བྱ་རྒྱུ་ཡིན། ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གོང་གསལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་ཡོད།