འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ཕྱོགས་མང་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཕྱོགས་རྐྱང་པའི་ཐོག་ནས《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ནས་ཕྱིར་འཐེན་བྱས་པར་ངོ་རྒོལ་དང་། 《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ཕྱོགས་མང་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག  གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིས་ཕྱོགས་རྐྱང་པའི་ཐོག་ནས《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་དམིགས་ནས། མི་ཁ་ཤས་ཀྱིས《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ཕྱོགས་མང་ཆིངས་ཡིག་ཏུ་འགྱུར་ནས་ཀྲུང་གོ་དང་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་དེའི་ནང་ཞུགས་དགོས་ཞེས་བརྗོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲི་བ་བཏོན་ཡོད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་གནད་དོན་དེའི་ཐད་ལངས་ཕྱོགས་གསལ་སྟོན་ཐེངས་མང་བྱས་ཡོད། 《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ནི་ཨ་རི་དང་སུའུ་ལེན་དབར་བཞག་པའི་ཆིངས་ཡིག་ཞིག་ཡིན་པ་དང་། དེ་ནི་ཕྱོགས་གཉིས་ཀྱི་ངོ་བོ་ལྡན་པའི་ཆིངས་ཡིག་ཞིག་རེད། ཆིངས་ཡིག་དེས་རྒྱལ་སྤྱིའི་འབྲེལ་བ་ཞི་ལྷོད་དུ་གཏོང་བ་དང་། ཉིང་རྡུལ་མཚོན་ཆ་ཉུང་དུ་གཏོང་རྒྱུའི་རྒྱུད་རིམ་ལ་སྐུལ་འདེད་གཏོང་བ། ཐ་ན་གོ་ལ་ཧྲིལ་པོའི་འཐབ་ཇུས་དོ་སྙོམས་དང་བརྟན་ལྷིང་ཡོང་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པས་ད་ལྟའང་སྔར་བཞིན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཕྱོགས་རྐྱང་པས་ཆིངས་ཡིག་ནས་ཕྱིར་འཐེན་བྱས་ན་ཕྱོགས་མང་པོའི་ཐད་ཤུགས་རྐྱེན་ངན་པ་ཐོན་སྲིད་ཅེས་བརྗོད།
       “ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཕྱོགས་རྐྱང་པའི་ཐོག་ནས་ཆིངས་ཡིག་ནས་ཕྱིར་འཐེན་བྱེད་པར་ངོ་རྒོལ་དང《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ཕྱོགས་མང་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན།” ཧྭ་ཁྲུན་ཡིང་གིས་ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་དང་། དམག་དོན་སྟོབས་ཤུགས་འཕེལ་རྒྱས་ཐད་ཐོག་མཐའ་བར་གསུམ་དུ་བཟོད་བསྲན་གྱི་རྣམ་འགྱུར་འཛིན་གྱི་ཡོད་པས་རྒྱལ་ཁབ་གཞན་སུ་ཞིག་ལའང་འཇིགས་སྣང་བཟོ་མི་སྲིད་ཅེས་བརྗོད།