འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།གྲ་སྒྲིག་ཨང་བསར་བྱས་ནས་ཐག་རིང་མགྲོན་པོ་དགའ་བས་བསུ། 

མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ། ལིན་ལི་ལིས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        “སྐུ་ཁམས་བཟང་། ང་ནི་སྨྱན་སྦྱོར་གྱི་གསར་འགོད་པ་ཞིག་ཡིན། ཁྱེད་ལ་བཅར་འདྲི་བྱས་ན་འགྲིག་གམ”
         “འགྲིག་གི་མ་རེད། ང་ད་ལྟ་ལས་ཀ་བྱེད་བཞིན་ཡོད”
         ཟླ་11ཚེས་4ཉིན་ཏེ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་འགོ་མ་ཚུགས་གོང་གི་ཉིན་དང་པོར། གསར་འགོད་པ་ཧྲང་ཧའེ་ཡི་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་ཕྱིན་ནས་ལས་དོན་པ་ཞིག་ལ་བཅར་འདྲི་བྱེད་བསམས་ཀྱང་ལམ་སེང་བཅར་འདྲི་བྱེད་ཐུབ་མེད།
           དེའི་ཚེ། མི་ཞིག་འོངས་ནས“Aཁུལ་གྱི་གཞུང་དོན་ཁང་ལ་ཇི་ལྟར་འགྲོ་དགོས་རེད་དམ”ཞེས་དྲིས་པར་བདེ་སྲུང་བས་བསམ་བློའང་མ་བཏང་བར“འདི་ནས་ཐད་ཀར་ཕྱིན་ཏེ་རིག་ནུས་དང་རྩེར་སོན་སྒྲིག་ཆས་འགྲེམས་ཁུལ་བརྒྱུད་ན་སླེབས་ཐུབ”ཅེས་བཤད། དེ་རྗེས་མི་མང་པོ་ལམ་འདྲི་བར་སླེབས་པ་དང་། ན་གཞོན་བདེ་སྲུང་བ་དེས་ཁོང་ཚོར་སེམས་རྩ་འཁོལ་བའི་ངང་ལན་བཏབ་པ་ནི་འགྲེམས་ཁུལ་གྱི་གློག་རྡུལ་ས་བཀྲ་ཁོག་པར་ཡོད་པ་དང་གཉིས་སུ་མ་མཆིས།
         ཁོད་སྙོམས་པའི་ས་གདན་དམར་པོའི་ཐོག་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས“སྟོན་ཚོགས་གཡང་འགུགས”ཀྱི་སྒོར་དབྱིབས་མཚོན་རིས་བཏིང་བ་དང་དེའི་ཐོག་ལ་གཟབ་ནན་ངང་ཁེབས་ཤིག་ཀྱང་གཡོགས་འདུག “སང་ཉིན་འགོ་ཚུགས་རྒྱུ་ཡིན་སྟབས། དེ་རིང་གཞི་ནས་བཏིངས་པ་ཡིན། གང་ལགས་ཤེ་ན། ‘སྟོན་ཚོགས་གཡང་འགུགས’ཀྱི་རི་མོ་འདིའི་གཞི་དཀར་པོ་ཡིན་པས་ས་གདན་དམར་པོ་ལས་བཙོག་པ་ཆགས་མགྱོགས་པ་ཡོད། སྔོན་ལ་དེའི་ཐོག་ཁེབས་ཤིག་གཡོགས་ནས་འགྲེམས་ཁང་གཙང་མ་བཟོས་རྗེས་ཁེབས་བཤུ་རྒྱུ་ཡིན”ཞེས་ཀོང་ཀྲོའུ་གྲོང་ཁྱེར་ཅ་ཏེ་འགྲེམས་སྟོན་ཚད་ཡོད་ཀུང་སིའི་ལས་དོན་པ་ཧུའུ་ཀྲང་ཀྲུའུ་ཡིས“སྟོན་ཚོགས་གཡང་འགུགས”ཀྱི་མཚོན་རྟགས་མཐའ་མ་དེ་བཏིངས་རྗེས་ཉེ་འགྲམ་དུ་ངལ་གསོས་ཏེ་འགྲེམས་ཁང་ལ་ལྟ་ཞོར་དུ་བཤད་ཅིང་། ཁོང་གིས“ང་ཚོ་ཟླ་བ་ལྔ་པ་ནས་འདིར་འོངས་པ་ཡིན། དེ་རིང་གཞི་ནས་གྲ་སྒྲིག་ལས་ཀ་ཚང་མ་གྲུབ་སོང”ཞེས་བཤད།
         སྒྲིག་ཆས་བཀོལ་སྤྱོད་ཡང་བསྐྱར་ཐེངས་གཅིག་བྱས་པ་མ་ཟད། དང་བླངས་པའི་ལས་གནས་ལས་བགོས་དང་། དངོས་ཟོག་གི་རྩིས་ཁྲ། རླངས་འཁོར་འབྲེལ་མཐུད་སོགས་ཀྱི་ལས་དོན་ལ་ཡང་བསྐྱར་ཞིབ་བཤེར་ཐེངས་གཅིག་བྱས་པ་དང་། ཧྲང་ཧའེ་མཚོ་ཐོག་ལས་དོན་སློབ་ཆེན་གྱི་དང་བླངས་པ་ལུ་དབྱི་ཤིན་ནི་ད་རེས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཁྱད་ལྡན་མཚོ་ཟས་རིགས་འགྲེམས་ཁང་གི་ཞབས་ཞུའི་དང་བླངས་པ་ཡིན་ཞིང་། ཁོང་གིས“སང་ཉིན་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ནས་ལས་གནས་ཐོག་འབྱོར་དགོས་པས་ཐོ་རེངས་ཆུ་ཚོད་གསུམ་དང་ཕྱེད་ཀར་སློབ་གྲྭ་ནས་ཐོན་དགོས། དུས་འགོའི་མི་བསྡུ་བའི་སྒྲིག་འཛུགས་དང་དང་བླངས་པ་གསོ་སྦྱོང་བྱེད་པ་ནས་དེ་རིང་གི་ཉིན་མཐའ་མའི་བར་ཞིབ་ཕྲའི་ལས་དོན་ཚང་མ་གཏན་ལ་ཁེལ་ཟིན་པས། སང་ཉིན་འགོ་ཚུགས་རྒྱུ་ཡིན་པ་བསམ་བློར་འཁོར་དུས་དགའ་བ་གནོན་མི་ཐུབ་པ་ཞིག་འདུག”ཅེས་བཤད།
         “དེ་ནི་དངོས་གནས་ཧ་ལས་པ་ཞིག་རེད། སྔོན་བྱེད་སྒོ་གང་གི་སྐབས་སུའང་གོ་ལ་ཧྲིལ་པོའི་ཕུལ་བྱུང་ཁེ་ལས་འདི་འདྲ་མང་པོ་ས་ཆ་གཅིག་ཏུ་འཛོམས་མྱོང་མེད་པས་སང་ཉིན་གྱི་འགོ་ཚུགས་ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད”ཅེས་རྒྱ་གར་གྱི་འགྲེམས་ཞུགས་ཚོང་པ་སྒྲིག་འཛུགས་བྱེད་མཁན་གྱི་ལས་དོན་པ་ཨན་ནས་དེ་ལྟར་བཤད་ཅིང་། ཁོ་མོས་འགྲེམས་ཁུལ་དུ་མཐའ་མའི་གཏན་འཁེལ་བྱས་རྗེས“ང་ཚོས་ཚོང་ཟོག་འགྲེམས་སྟོན་གྲ་སྒྲིག་ཚར་སོང”ཞེས་བཤད།
          སྒྲ་སྐྱེད་སྒྲིག་ཆས་ཀྱི་ཚོད་ལྟ་སྙོམས་སྒྲིག་དང་། ཐལ་རྡུལ་འཕྱག་པ། མེ་ཏོག་དང་འགྲེམས་རྫས་སྒྲིག་པ་སོགས་ཀྱི་མཐའ་མའི་ལས་ཀ་བྱས་ཤིང་། ནང་འདྲེན་དངོས་མང་སྟོན་ཚོགས་འགོ་མ་ཚུགས་གོང་གི་ཉིན་དང་པོར་ལས་གནས་སོ་སོའི་ལས་དོན་པས་གྲ་སྒྲིག་ཨང་བསར་བྱས། ཐེ་ལན་གྱི་ཤིང་ཏོག་ལིའུ་ལེན་དང་། འཇར་མན་གྱི་འཁོར་སྟེགས། ཐུར་ཁེའི་ཀོག་ཧྥེ་བཟོ་ཆས་སོགས་རྒྱལ་ཁབ་དང་ས་ཁུལ་130ལྷག་གི་འགྲེམས་རྫས་འགྲེམས་སྟེགས་ཐོག་གྲལ་འགྲིག་པོའི་ངང་བསྒྲིགས་པ་རེད།
          སང་ཉིན། འདི་གར་སྒོ་ཕྱེ་ནས་ཕྱོགས་བཞིའི་སྐུ་མགྲོན་བསུ་རྒྱུ་རེད།