འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།དེ་སྔའི“བར་དོའི་འཕྲང” ད་ལྟའི“དར་རྒྱས་ལམ”

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཞུའེ་ཡུང་དང་། ཝང་ཅིང་གོ བཅིངས་འགྲོལ་དམག་ཚགས་པར་གྱི་གསར་འགོད་པ། ལུའེ་ཏེ་ཧྲེང་བཅས་ཀྱིས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          རྫ་ཆུ—མའེ་ཀུང་གཙང་པོའི་ཆུ་མགོ་མཚོ་བོད་ས་མཐོའི་གདང་ལ་ཡིན་པ་དང་། ཀྲུང་གོའི་ས་ཁོངས་ཀྱི་མཚོ་སྔོན་དང་། བོད། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བརྒྱུད་དེ་འབར་མ་དང་། ལོ་སི། ཐེ་ལན། ཁམ་ཕུ་ཁྲེ། ཝེ་ཐེ་ནམ་བཅས་རྒྱལ་ཁབ་ལྔར་རྒྱུག་གི་ཡོད། དེ་ནི་གཙང་པོ་གཅིག་རྒྱལ་ཁབ་དྲུག་བརྒྱུད་པའི་ཨེ་ཤེ་ཡའི་རྒྱལ་སྤྱིའི་གཙང་པོ་འབའ་ཞིག་དེ་ཡིན་པ་རེད།
       གནའ་སྔ་མོ་ནས་བཟུང་། གཙང་པོ་དེ་ནི་ཆུ་འགྲམ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར་དང་མཛའ་གྲོགས་འགྲོ་འོང་གི་ཆུ་ལམ་ཉག་ཅིག་དེ་ཡིན།
       འོན་ཀྱང་དུས་ཡུན་རིང་པོ་མ་འགོར་བར། དེ་གའི་རྒྱལ་སྒྲོལ་ཉེས་གསོག་དང་དུག་ཚོང་སོགས་ཀྱི་གནད་དོན་ལས་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། 2011ལོར་ཐན་ཅན་ཧྭ་ཡོད་སའི“ཡུས་ཀྲོའུ་ཨང་3པ་རྟགས་ཅན”གྱི་གྲུ་གཟིངས་ལ་ཁྲིམས་འགལ་གྱི་བཀག་བཅོམ་བྱས་ཡོད་པ་རེད།
       བདེ་འཇགས་ཀྱི་ཁོར་ཡུག་ཞན་པའི་དབང་གིས་གྲུ་གཟིངས་ཐོག་ཡོད་པའི་ཕར་འགྲོ་ཚུར་འོང་བྱེད་མཁན་མི་དང་དེ་བཞིན་ཁོང་ཚོའི་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་བཟོ་ཡི་ཡོད་ལ་མའེ་ཀུང་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།
         2011ལོའི་ཟླ་10ཚེས་5ཉིན་ནི་སྐྱོ་གདུང་ཆེ་བའི་ཉིན་མོ་ཞིག་ཡིན་ཞིང་། མའེ་ཀུང་གཙང་པོའི་ཐེ་ལན་གྱི་ཆུ་ཁོངས་སུ“10·5”ཡི་དམར་གསོད་དོན་རྐྱེན་ལྷག་ནས་ཀྲུང་གོའི་གྲུ་པ་13དྲག་ཆས་ཉེས་གསོག་ཚོགས་པས་དམར་གསོད་བཏང་བ་རེད།
         ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། 2011ལོའི་ཟླ་10ཚེས་31ཉིན་ཀྲུང་གོ་ཕྱོགས་ཀྱིས་དར་སྤེལ་ཧུར་ཐག་བཏང་བ་བརྒྱུད། རྒྱལ་ཁབ་བཞིའི་མའེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལམ་སྲོལ་དངོས་སུ་བཙུགས་པ་རེད། ལོ་དེའི་ཟླ་12ཚེས་10ཉིན་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་མའེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་དངོས་སུ་བྱེད་འགོ་ཚུགས་པ་རེད།
        “སྐབས་དེ་དུས་སྐོར་གཡེང་ཁྲིམས་འཛིན་གྲུ་གཟིངས་5ཡིས་ཚོང་དོན་གྲུ་གཟིངས་10མའེ་ཀུང་གཙང་པོ་སྒྲོལ་རྒྱུར་སྲུང་སྐྱོང་བྱས་ཡོད”ཅེས་ལོ་སིའི་པོའོ་ཆའོ་དམག་ཁུལ་ཁང་གི་དམག་གྲུ་122ཀྱི་གྲུ་དཔོན་སུང་ཕོང་གིས་བཤད།
         མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་ཐོག་མའི་ནང་ཞུགས་མྱོང་བའི་སུང་ཕོང་ནི་སྐབས་དེ་དུས་ལོ་སི་ཕྱོགས་ཀྱི་འབྲེལ་གཏུགས་པ་ཡིན། “སྐོར་གཡེང་བྱེད་སྐབས་ཚང་མས་འབྲེལ་གཏུགས་དམ་ཟབ་དང་གཞོགས་འདེགས་ཡག་པོ་བྱས་ཡོད”ཅེས་བཤད།
         རྒྱལ་ཁབ་བཞིའི་དབར་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་སྦྲགས། མཉམ་འབྲེལ་སྐོར་གཡེང་ལ་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ཆགས་ཡོད་པ་རེད། “རྒྱལ་ཁབ་བཞིས་ཟླ་རེར་བཀོད་འདོམས་དཔོན་གྱི་གསོ་སྦྱོང་ཚོགས་འདུ་ཐེངས་རེ་དང་གསང་འཕྲིན་སྤེལ་རེས་ཀྱི་ཚོགས་འདུ་ཐེངས་རེ་འཚོགས་ནས་ཆུ་ངོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་ཀྱི་ཡོད། གཞན་ཡང་ད་དུང་རྒྱལ་ཁབ་བཞིའི་སྐོར་གཡེང་མཉམ་འབྲེལ་བཀོད་འདོམས་པུའུ་སོགས་ཀྱང་བཙུགས་ཡོད་པ་རེད” འབར་མའི་དབན་ཧྥུན་ཆུ་ཐོག་ཉེན་རྟོག་ཡན་ལག་ཅུས་ཀྱི་དམག་གྲུ་171གི་གྲུ་དཔོན་དབྱེ་མིན་ཐེས། འདི་ལོའི་ཟླ་8ཚེས་21ཉིན་རྒྱལ་ཁབ་བཞིའི་མའེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་ཐེངས་73པ་སྤེལ་བ་རེད་ཅེས་བཤད།
         མའེ་ཀུང་གཙང་པོའི་བདེ་འཇགས་དུས་བབ་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། “ཉེས་གསོག་བྱེད་སྒོ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་ཅིན་སན་ཅའོ་ས་ཁུལ་དུ་མེ་མདའ་རྒྱག་པའི་དོན་རྐྱེན་ཡང་ཇེ་ཆུང་དུ་འགྲོ་བཞིན་ཡོད”ཅེས་སུང་ཕོང་གིས་བཤད།
          2012ལོའི་ཟླ་4ཚེས་25ཉིན་། ཀྲུང་གོ་དང་ལོ་སིའི་ཉེན་རྟོག་ཕྱོགས་མཉམ་ལས་བྱས་ནས་མའེ་ཀུང་གཙང་པོའི་དམར་གསོད་དོན་རྐྱེན་གྱི་ཉེས་ཅན་གཏེ་པོ་ནུའོ་ཁང་ལོ་སི་ནས་འཛིན་བཟུང་བྱས་པ་དང་། 2012ལོའི་ཟླ་5ཚེས་10ཉིན་ལོ་སི་ཕྱོགས་ཀྱིས་ནུའོ་ཁང་ཀྲུང་གོ་ཕྱོགས་ལ་རྩིས་སྤྲད་པ་རེད། 2012ལོའི་ཟླ་11ཚེས་6ཉིན་མའེ་ཀུང་གཙང་པོར་ཀྲུང་གོའི་གྲུ་པ་དམར་གསོད་བཏང་བའི་གྱོད་གཞི་ཁུན་མིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཉེས་ཅན་གཏེ་པོ་ནུའོ་ཁང་ལ་སྲོག་གཅོད་ཀྱི་ཁྲིམས་ཆད་བཏང་བ་རེད།
         2013ལོར་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱིས་མའེ་ཀུང་གཙང་པོའི་ཆུ་ཁོངས་ནས་རྒྱལ་སྒྲོལ་དུག་ཚོང་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ཐུབ་ནས་དུག་རྫས་འཁྱགས་དུག་རིལ་བུ་སྤྱི་རྒྱ་579.7འཕྲོག་ལེན་བྱས་པ་མ་ཟད། ཉེས་གསོག་དོགས་ཅན་པ་5འཛིན་བཟུང་དང་གྱོད་འབྲེལ་གྲུ་གཟིངས་1བཀག་ཉར་བྱས་པ་རེད། དེ་ནི“10·5”གྱོད་གཞི་རྩད་ཆོད་ཐུབ་རྗེས། མའེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་གྱི་མཉམ་ལས་ལམ་སྲོལ་སྤྱད་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད།
         མཉམ་འབྲེལ་སྐོར་གཡེང་ནང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འགན་འཁུར་ཕོད་པའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། “ཀྲུང་གོས་ང་ཚོར་རོགས་སྐྱོར་མང་པོ་བྱས་ཏེ་ང་ཚོར་གྲུ་གཟིངས་བཟོ་རོགས་བྱས་པ་མ་ཟད། ཁྲིམས་འཛིན་མི་སྣར་སྐད་བརྡ་དང་རྩལ་ནུས་ཀྱི་གསོ་སྦྱོང་ཡང་བྱས་ཡོད”ཅེས་དབྱེ་མིན་ཐེས་བཤད།
         མ་རིང་བའི་གོང་། དབྱེ་མིན་ཐེས་རུ་སྣེ་ཁྲིད་ནས་ཡུན་ནན་དུ་གྲུ་གཟིངས་ཉམས་བཟོ་བྱས་པ་དང་འབྲེལ་བཀོད་འདོམས་དཔོན་གྱི་གསོ་སྦྱོང་ནང་ཞུགས་ཤིང་། དེ་ནི་ཁོང་གིས་ཀྲུང་གོར་ཡོང་ནས་གསོ་སྦྱོང་ནང་ཞུགས་ཐེངས་ལྔ་པ་རེད།
         ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་བྱ་ཆེད། མའེ་ཀུང་གཙང་པོ་རྒྱུག་ཁུལ་དུ་ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་དེ་མཉམ་འབྲེལ་སྐོར་གཡེང་ནས་ཕྱོགས་བསྡུས་ཁྲིམས་འཛིན་མཉམ་ལས་ཀྱི་བྱེད་སྟངས་ལ་འཕེལ་རྒྱས་སོང་བ་དང་། མཉམ་ལས་རྐྱང་པའི་ཁྱབ་ཁོངས་ནས་ཁྲིམས་འགལ་ངང་མངའ་ཁོངས་ནས་ཕར་ཚུར་འགྲོ་བ་དང་། མི་འབོར་བསླུ་འཚོང་། དྲ་རྒྱའི་ཉེས་གསོག་སོགས་མཉམ་ལས་ཁྱབ་ཁོངས་གསར་པའི་བར་རྒྱ་སྐྱེད་བཏང་ཡོད།
          དེ་རིང་གི“དར་རྒྱས་ཆུ་ལམ”དུ་སླར་ཡང་ཉམས་བཟང་མངོན་པ་དང་། མའེ་ཀུང་གཙང་པོའི་ཐོག་ཕར་ཚུར་སྐྱོད་པའི་གྲུ་གཟིངས་རྒྱུན་ཆད་རྒྱུ་མེད་པ་རེད། ཤིས་ཧྲོང་པན་ན་ཀྲོའུ་ཡི་འགག་སྒོ་ལས་ཁུངས་ཀྱི་ལྟ་སྡོམ་ཁའོ་ཡི་ཁའོ་ཀྲང་གཞོན་པ་ཞའོ་ཝུན་ཧྭས། 2017ལོར་མངའ་ཁོངས་ནས་ཕར་ཚུར་སྐྱོད་མཁན་མི་ཐེངས་51312དང་། གྲུ་གཟིངས་ཐེངས་3733 དངོས་ཟོག་རིན་ཐང་ཨ་སྒོར་དུང་ཕྱུར་2.03བཅས་ཟིན་ཡོད། 2018ལོའི་ལོ་སྟོད་དུ་མངའ་ཁོངས་ནས་ཕར་ཚུར་སྐྱོད་མཁན་མི་འབོར་མི་ཐེངས་32397དང་། ཟོག་གྲུ་ཐེངས་1854 དངོས་ཟོག་རིན་ཐང་ཨ་སྒོར་དུང་ཕྱུར་1.12ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།