འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།ལོ་རྒྱུས་ཀྱི་མེ་ལོང་། 

ཤང་ཁྲེང་། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         འཇར་མན་གྱི་གྲོགས་པོ་དང་མཉམ་དུ་ང་ཚོ་རླངས་འཁོར་བཏང་ནས་པེར་ལིན་གྲོང་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་སྐྱོད་པ་དང“གསང་མྱུལ་ཟམ་པ”(ཀེ་ལིན་ཉི་ཁེ་ཟམ་ཆེན)བརྒྱུད་ནགས་ཁྲོད་ཀྱི་རླངས་འཁོར་འཇོག་ས་ཞིག་ཏུ་བབས་པ་དང་སྐར་མ་10ལྷག་ཙམ་རྐང་ཐང་མར་བསྐྱོད་རྗེས་ཐལ་མདོག་གི་མཆོད་རྟེན་དབྱིབས་ཀྱི་ཐོག་ཁང་ཞིག་མཐོང་བ་དེ་ནི་ཆེ་ཆི་ལིན་ཕོ་བྲང་རེད་འདུག
        ཕོ་བྲང་དེ་1913ལོ་ནས་1917ལོ་བར་བསྐྲུན་པ་ཞིག་ཡིན་པ་དང་། ཕོ་བྲང་དེ་འཇར་མན་གྱི་གོང་མ་ཝའེ་ལན་ཁྲི་ཐོག་གཉིས་པས་རྒྱལ་སྲས་སྟེང་ཞལ་ལ་བསྐྲུན་པའི་ཕོ་བྲང་ཞིག་ཡིན་པ་དང་རྒྱལ་པོའི་བཙུན་མོ་ཆེ་ཆི་ལིན་གྱི་མིང་ཕོ་བྲང་ལ་བཏགས།
       1945ལོའི་དབྱར་ཁ་པེར་ལིན་དུ་ཚོགས་འདུ་འཚོགས་རྒྱུར་འཚམ་པའི་འཛུགས་སྐྲུན་མང་པོ་ཞིག་དམག་འཁྲུག་གི་མེ་ལྕེའི་ཁྲོད་རྨེག་མེད་དུ་གྱུར་པ་དང་། སུའུ་ལན་གཡུལ་འགྱེད་ཁུལ་གྱི་པོ་ཚེ་ཐན་ཆེ་ཆི་ལིན་ཕོ་བྲང་གཅིག་པུ་ད་བར་ཉར་ཚགས་ཡག་པོ་བྱུང་ཡོད། སུའུ་ལན་དང་། ཨ་རི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་པ་གནས་དེར་ཐུག་འཕྲད་བྱས་ནས་འཇར་མན་ལ་ཆད་གཅོད་བྱ་རྒྱུ་དང་། རི་པིན་གྱིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགོ་བཏགས་ཞུ་རྒྱུའི་བླང་བྱ་བཏོན་པ། དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་སྒྲིག་ལམ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད། ད་ཆ་ཕོ་བྲང་དེ་ཆ་ཤས་གཉིས་སུ་ཕྱེ་ཡོད་པ་སྟེ། གཅིག་ནི་སྐར་མ་ལྔ་རིམ་པའི་མགྲོན་ཁང་ཡིན་པ་དང་། གཅིག་ཤོས་ནི་པོ་ཚེ་ཐན་ཚོགས་འདུའི་དྲན་གསོ་ཁང་དུ་བྱས་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་དང་། ཕོ་བྲང་ནང་དུ་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་སྤྱོད་མྱོང་བའི་ལས་དོན་ཁང་སྔོན་མ་ལྟར་འདུག
         ཆེ་ཆི་ལིན་ཕོ་བྲང་དབུས་ཀྱི་ཚོམས་ཆེན་གྱི་མཛེས་བཟོ་གནའ་ཉམས་དོད་ལ་ལོ་རྒྱུས་ཀྱི་ཉམས་འགྱུར་ཟབ་མོའི་ཐོག་ནས་སྐབས་དེ་དུས་ཀྱི་ཡོ་རོབ་ཀྱི་ཆུ་ཚད་མཐོ་བའི་ལག་ཤེས་སྒྱུ་རྩལ་མཚོན་པ་དང་། པོ་ཚེ་ཐན་ཚོགས་འདུ་ཡང་དེ་གར་འཚོགས་ཡོད། ཚོམས་ཆེན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་40ཡོད་པ་དང་། དབུས་སུ་བཞག་པའི་སྒྲོག་ཙེ་རྙིང་པ་དེའི་ཐོག་སུའུ་ལན་དང་། ཨ་རི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་པོའི་རྒྱལ་དར་བཞག་འདུག
         ཚོགས་འདུ་འཚོག་སའི་ཚོམས་ཆེན་ནང་བར་ཁྱམས་ཤིག་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ཁག་གི་གསར་འགོད་པའི་བཅར་འདྲིར་སྤྱོད་པའི་གསར་འགྱུར་སྟེགས་བུ་ཞིག་འདུག ཕྱི་ཕྱོགས་ཀྱིས་ལྟ་སྐོར་བྱེད་སའི་ཁང་པ་དེ་དེ་སྔའི་ཚོགས་འདུའི་རྣམ་པ་ལྟར་ཉར་ཚགས་བྱས་འདུག་པས་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་རྣམ་པ་ཞིག་ང་ཚོའི་མིག་ལམ་དུ་མངོན།
         ཆེ་ཆི་ལིན་ཕོ་བྲང་ནང་གི་འགྲུལ་པའི་བསམ་འཆར་བསྡུ་ལེན་གྱི་དེབ་ཐོག་ཡུལ་སྐོར་བ་མང་པོས་སྐད་ཡིག་མི་འདྲ་བའི་ཐོག་ནས “གནས་དེ་ནི་ལོ་རྒྱུས་ཀྱི་མེ་ལོང་ལྟར་རེད། དེས་ང་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞི་བདེ་དང་འབྱུང་འགྱུར་ལ་སྲུང་སྐྱོང་བྱ་རྒྱུའི་བསླབ་བྱ་བཏོན་ཡོད”“དྲང་བདེན་ལ་གུས་འདུད་ཞུ”ཞེས་པའི་མྱོང་ཚོར་དང་རེ་བ་མང་པོ་བྲིས་འདུག ངས་ཀྱང་སྨྱུ་གུ་བླངས་ཏེ་ཡིག་གཟུགས་གྲལ་སྒྲིག་པོས“འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་། ཀྲུང་ཧྭ་བུ་ཕྲུག་གྲངས་མེད་ཀྱིས་དཔའ་མི་ཞུམ་ཞིང་གཉའ་མི་ཆག་པར་འགོག་རྒོལ་བྱས་ཡོད་ལ། ཁྲག་དྲོན་དང་ཚེ་སྲོག་ཀྱང་བློས་བཏང་ཡོད། ང་ཚོས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་ནས་ལོ་རྒྱུས་ལ་བརྩི་འཇོག་དང་ཞི་བདེ་སྲུང་སྐྱོང་བྱེད་དགོས”ཞེས་བྲིས་པ་ཡིན།
         དྲན་གསོ་ཁང་ནས་དོན་ཏེ་ཆེ་ཆི་ལི་ཕོ་བྲང་གི་སྒོ་རའི་དཀྱིལ་གྱི་གཡུ་ལྟར་སྔོ་བའི་སྤང་ལྗོངས་ཐོག་དེ་སྔ་སུའུ་ལན་དམར་དམག་གིས་བཟོས་པའི་སྐར་མའི་གཟུགས་ཀྱི་མེ་ཏོག་སྟེགས་བུ་ཞིག་ཡོད་པ་དེས་རྒྱལ་ཁའི་རྣམ་པ་མཚོན་ཞིང་། གྲོགས་པོའི་ངོ་གདོང་གི་རྣམ་འགྱུར་ལས་ལོ་རྒྱུས་ཀྱི་རྣམ་པ་རང་སོར་བཞག་ནས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་མངོན་པ་དང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱེད་པ་དེས་ལོ་རྒྱུས་ཐོག་ཤོར་བའི་ནོར་འཁྲུལ་ལ་འགན་འཁུར་ཕོད་པ་དེ་ནི་འཇར་མན་སྲིད་གཞུང་དང་དམངས་ཚོགས་ཀྱིས་ལོ་རྒྱུས་ལ་ལྟ་སྟངས་འཛིན་པའི་རྣམ་འགྱུར་ཡིན་པ་རང་ཉིད་ལ་བརྗོད་པ་ལྟར་སྣང་ཞིང་། ཆེ་ཆི་ལིན་ཕོ་བྲང་གི་རྩི་ཤིང་ཚང་མ་སྔར་ཡོད་ཀྱི་རྣམ་པ་ལྟར་བཞག་འདུག