འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།ཨར་ཅི་རི་ཡའི་ཙུང་ལིས་ཨར་ཀྲུང་གཉིས་འབྲལ་ཐབས་མེད་པའི་རོགས་ཟླར་གྱུར་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨར་ཅར་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨར་ཅར་སིའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་འགོ་འཛུགས་མཛད་སྒོའི་ཐོག་ཨར་ཅི་རི་ཡའི་ཙུང་ལི་ཝུའུ་ཡེ་ཧའེ་ཡས། ཨར་ཅི་རི་ཡ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུའི་རིང་འབྲལ་ཐབས་མེད་པའི་རོགས་ཟླར་གྱུར་ཡོད་ཅེས་བཤད།
          ཉིན་དེའི་འགོ་འཛུགས་མཛད་སྒོའི་ཐོག་ཨར་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་གཉེར་བ་རེད། ཝུའུ་ཡེ་ཧའེ་ཡས། ཀྲུང་གོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་ཨར་ཅི་རི་ཡའི་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་དང་དེ་རྗེས་ཀྱང་ཨར་ཅི་རི་ཡའི་དཔལ་འབྱོར་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་པས་ཕྱོགས་གཉིས་འབྲལ་ཐབས་མེད་པའི་རོགས་ཟླར་གྱུར་ཡོད་ཅེས་བརྗོད།
         ཝུའུ་ཡེ་ཧའེ་ཡས་དཔེ་དེབ་འགྲེམས་སྟོན་ལ་ཞུགས་པའི་ཀྲུང་གོའི་རྩོམ་པ་པོ་མོ་ཡན་ལ“རྒྱལ་ཁབ་ཀྱི་ཁྱད་འཕགས་བྱ་དགའ”སྤྲད་པ་རེད།
        ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཨར་ཅི་རི་ཡའི་དཔེ་དེབ་འགྲེམས་སྟོན་ལ་ཞུགས་པའི་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལིང་ཡན་ཧྲོན་གྱིས། ཨར་ཅི་རི་ཡས་མོ་ཡན་ལ་བྱ་དགའ་སྤྲད་པ་ནི་ཁོང་གི་གསར་རྩོམ་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་ཀྲུང་གོའི་མི་དམངས་ལ་བརྩེ་དུང་ཟབ་མོ་འཆང་ལུགས་ཀྱང་མཚོན་ཐུབ། དཔེ་དེབ་འགྲེམས་སྟོན་རིང་ཀྲུང་ཨར་ཕྱོགས་གཉིས་ཀྱིས་རྩོམ་རིག་དང་དཔེ་སྐྲུན་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་སེམས་གཅིག་སྦྲེལ་ལ་སྐུལ་གཏོང་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་གཏམ་བཤད་ནང་གནང་བ་རེད།
       ཨར་ཅི་རི་ཡའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་23པ་ཚེས་29ཉིན་འགོ་ཚུགས་པ་དང་ཀྲུང་གོ་ནི་ད་རེས་ཀྱི་དཔེ་དེབ་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན། དཔེ་དེབ་འགྲེམས་སྟོན་རིང་། ཀྲུང་གོ་ནས་ཡོང་བའི་དཔེ་སྐྲུན་སྒྲིག་གཞིས་དཔེ་དེབ་རྩེ་གྲ་7500ལྷག་བཤམ་རྒྱུ་མ་ཟད། ཀྲུང་གོས་ད་དུང་ཀྲུང་གོའི་རིག་གནས་འགྲེམས་སྟོན་དང། ཀྲུང་གོ་དང་ཨར་ཅི་རི་ཡའི་རྩོམ་པ་པོའི་དབར་གླེང་མོལ། “མཛེས་པའི་ཀྲུང་གོ”ཞེས་པའི་པར་རིས་འགྲེམས་སྟོན། “ཀྲུང་གོའི་དེང་རབས་གློག་བརྙན་འགྲེམས་སྟོན”སོགས་ཀྱི་བྱེད་སྒོའང་གཉེར་རྒྱུ་རེད།