འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་4ཉིན།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་རྒྱལ་ནང་གི་བོད་རིག་པ་ཞིབ་འཇུག་ཕྱིར་དྲན་དང་རྒྱང་ལྟའི་བགྲོ་གླེང་
ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། “སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་རྒྱལ་ནང་གི་བོད་རིག་པ་ཞིབ་འཇུག་ཕྱིར་དྲན་དང་རྒྱང་ལྟའི་བགྲོ་གླེང་ཚོགས་འདུ”ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་རེད།
     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་ཆི་དབྱི་ཡིས་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། ཀྲུང་གོ་བོད་རིག་པའི་བྱ་གཞག་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལོ་40ཡི་འཕེལ་རྒྱས་བརྒྱུད། བོད་རིག་པའི་རིག་གཞུང་ཚན་ཁག་གི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། བོད་རིག་པའི་ཁྱབ་ཁོངས་ཀྱི་སྒྲིག་གཞི་སྔར་བས་མང་དུ་ཕྱིན་པ། ཞིབ་འཇུག་ཤེས་ལྡན་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་པ་བཅས་དང་། ལྷག་པར་དུ་བོད་རིག་པའི་ཤེས་ལྡན་མི་སྣ་གཞོན་དར་འབོར་ཆེན་གསོ་སྐྱོང་བྱས་པར་མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱེད་པའི་ཞིབ་འཇུག་གྲུབ་འབྲས་ཐོབ་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་ནང་དུ་གཞི་ཁྱོན་མི་འདྲ་བའི་བོད་རིག་པ་ཞིབ་འཇུག་དང་། སློབ་གསོ། པར་སྐྲུན་བཅས་ཀྱི་སྒྲིག་གཞི་100ལྷག་ཙམ་ཡོད་པ་དང་པེ་ཅིང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། ཀྲེ་ཅང་། ཧྲང་ཧའེ། ཧྲའན་ཤིས་སོགས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་20ལྷག་ཙམ་ལ་ཁྱབ་པ་དང་། ཚན་ཞིབ་དང་། པར་སྐྲུན། དཔེ་དེབ་དང་དཔྱད་གཞི་བཅས་དང་། དེ་བཞིན་འབྲེལ་ཡོད་ལས་དོན་གཞན་དག་གི་མི་སྣ་5000ལྷག་ཙམ་ཡོད། 《ཀྲུང་ཧྭའི་བཀའ་བསྟན་འགྱུར》བོད་ཡིག་དཔེ་བསྡུར་མ་དང་། 《བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས》 《བོད་ཀྱི་ཉེ་བའི་ལོ་སུམ་བརྒྱའི་ཆབ་སྲིད་ལོ་རྒྱུས》 《བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྣམ་པ》 《བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》 《རྒྱ་བོད་ཤན་སྦྱར་ཚིག་མཛོད》 《བོད་ཀྱི་བརྡ་སྤྲོད་རིག་པ》བཅས་མཚོན་བྱེད་ཀྱི་རིག་གཞུང་ཞིབ་འཇུག་ཆེད་རྩོམ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་བརྩམས་ཡོད། 1980ལོ་ནས་ད་བར། རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ་ཁག་གི་ཐོག་བཀོད་པའི་རྒྱ་ཡིག་གི་བོད་རིག་པའི་ཞིབ་འཇུག་ཆེད་རྩོམ་མམ་ཡང་ན་རྩོམ་ཡིག་56700ཟིན་པ་དང་བོད་ཡིག་ཐོག་ནས་བཏོན་པའི་བོད་རིག་པའི་ཞིབ་འཇུག་ཆེད་རྩོམ་མམ་ཡང་ན་རྩོམ་ཡིག་20000ཙམ་ཟིན་པ། བོད་རྒྱ་ཡིག་རིགས་གཉིས་ཀྱི་གནའ་གཞུང་ལེགས་སྒྲིག་དང་། པར་སྐྲུན། ཞིབ་འཇུག་བཅས་ཀྱི་ཐད་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་ཐོབ་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། བོད་ཡིག་གནའ་གཞུང་ཐད་དེབ་4200ལེགས་སྒྲིག་པར་སྐྲུན་བྱས་པ། རིག་གཞུང་སྤེལ་རེས་སྔར་བས་བྱེད་མང་དུ་སོང་བ་དང་2000ལོའི་གོང་བོད་རིག་པ་དང་འབྲེལ་བའི་རིག་གཞུང་ཚོགས་འདུ་ལོ་རེར་ཐེངས་10ཡང་ཟིན་གྱི་མེད་པ་དང་2017ལོར་ལོ་རེར་ཐེངས་71ཟིན་གྱི་ཡོད་པ་རེད།
     བགྲོ་གླེང་ཚོགས་འདུའི་ཐོག ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སོགས་ཚན་པས“1978ལོ་ཚུན་རང་རྒྱལ་གྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་བོད་རིག་པ་ཞིབ་འཇུག”ལ་དམིགས་ཏེ་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།