འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་4ཉིན།

༄༅།།མཚོ་སྔོན་རྫ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་དོན་གྲུབ་ཀྱིས་རྫ་ཆུའི་ཆུ་འགོ་སྲུང་སྐྱོང་བྱས་ནས་བོད་རིགས་ས་ཁུལ་གྱི་མང་
ཚོགས་ལ་བདེ་སྐྱིད་བསྐྲུན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སྟོན་མཇུག་གི་མཚོ་བོད་ས་མཐོར་ལྗང་མདོག་གོས་ཆེན་ཐང་ལ་བཏིངས་འདྲའི་རྩྭ་ཐང་སྔ་ས་ནས་སེར་པོར་གྱུར་པ་དང་མུ་འབྲེལ་སྟར་ལ་བརྒྱུས་འདྲའི་རི་བོའི་ཚོགས་དཀར་ཐིང་ཐིང་གི་ཁ་བའི་སྟོད་གོས་བཀླུབས། ལོ་ལྔའི་གོང་གི་ནམ་དུས་དེར། ཚེ་དོན་གྲུབ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་བསྐྱོད་ནས་དེ་གའི་རྫོང་དཔོན་གྱི་འགན་འཁུར་བ་དང་། ཕྱིས་སུ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཧྲུའུ་ཅི་བྱས།
     རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་གཞི་ཚོད་ལྟ་བྱེད་པར་དཔེར་འཛིན་པའི་ཉམས་མྱོང་མེད་པ་དང་། “དབྱར་རྩྭ་དགུན་འབུའི་ཕ་ཡུལ”གྱི་བདེ་འཇགས་ཡག་པོ་མེད་པ། གཙང་པོ་དང་ཆུ་བོའི་ཆུ་འགོར་གད་སྙིགས་ཀྱིས་ཁེངས་པ་སོགས་ལ་དམིགས་ནས་ཚེ་དོན་གྲུབ་ཀྱིས་སྙིང་རུས་དང་ལྷག་བསམ་རྣམ་དག་གིས་རྫ་ཆུའི་ཆུ་འགོ་སྲུང་སྐྱོང་བྱས་ནས་རྫོང་ཡོངས་ཀྱི་མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར།
     གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་བྱས་པ།
     མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་འབྲེལ་མཚམས་སུ་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡོད་པའི་རྫ་སྟོད་རྫོང་ལ“རྫ་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་འབོད་ཅིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོ་ཁུལ་ཧྲིལ་པོ་རྫོང་དེའི་མངའ་ཁོངས་སུ་ཡོད་པ་རེད།
      “རྫ་སྟོད་རྫོང་གི་ཤང་དང་གྲོང་རྡལ་8ལས་ཤང་5སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་སུ་བཅུག་ཡོད་པར་མི་གྲངས་ཁྲི་3.5ཟིན་ནས་རྒྱལ་ཁབ་སྤྱི་གླིང་ཁུལ་ཧྲིལ་པོའི་མི་འབོར་གྱི་50%ཡན་བཟུང་ཡོད” མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཡོང་རྒྱུ་དང་། རང་བྱུང་དང་སྣོད་བཅུད་རིག་གནས་རྒྱུན་འཛིན་བྱ་རྒྱུ་ནི་རྫ་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་ལ་འཕྲད་པའི་འགྲན་སློང་ཆེ་ཤོས་་རེད་ཅེས་ཚེ་དོན་གྲུབ་ཀྱིས་བཤད།
    འགྲན་སློང་དེར་དམིགས་ནས། ཚེ་དོན་གྲུབ་ཀྱིས་རྫོང་དང་ཤང་གི་ལས་བྱེད་པའི་སྣེ་ཁྲིད་དེ་སྣོད་བཅུད་སྲུང་སྐྱོང་སྔོན་ལ་འཇོག་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ཁར། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གོ་སྐབས་སྤྱད་པས། འདི་ལོར་རྫ་ཆུའི་ཆུ་འགོའི་འབྲོག་དུད་ཚང་མར་སྣོད་བཅུད་སྤྱི་ཕན་དོ་དམ་སྲུང་སྐྱོང་ལས་གནས་སྟེ། “དུད་ཚང་རེ་ལ་ལས་གནས་རེ”འངོན་འགྱུར་བྱུང་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་7700ལྷག་ཙམ་གྱིས་གཙང་པོ་དང་ཆུ་འགོར་ཕྱོགས་ཡོངས་ནས་དོ་དམ་སྲུང་སྐྱོང་བྱེད་པའི་མ་ལག་བཙུགས་པ་རེད།
    སྣོད་བཅུད་སྲུང་སྐྱོང་སྔོན་ལ་འཇོག་པའི་སྔོན་འགྲོའི་འོག ཚེ་དོན་གྲུབ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་སྔོན་མངགས་བྱས་རྗེས་གོ་རིམ་ལྡན་པའི་ངང་འཛུལ་བའི་ལམ་སྲོལ་བཙུགས་ཐོག རི་དྭགས་གསའ་བརྗོད་དོན་གཙོ་བོར་བྱེད་པའི་ས་ཁོངས་ཧྲིལ་པོ་ཅན་གྱི་མྱོང་རོལ་རྟེན་གཞི་གཏོད་པ་དང་། “རྫ་ཆུའི་རྣམ་སྲས་གྲོག་རོང་ཆེ་མོའི་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྟེན་ནས། དམངས་ཡོངས་མཉམ་སྤྱོད་དང་སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་དམངས་ཀྱི་རང་བྱུང་ཚན་རིག་གི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱ་རྒྱུ་དར་སྤེལ་བཏང་བ་རེད།
      མང་ཚོགས་ཀྱི་བློ་གྲོས་གང་ལེགས་སྤྱད་ནས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དོ་དམ་བྱེད་སྟངས་གསར་པ་བཏོད་པ།
      རྫ་སྟོད་རྫོང་ནི་མཚོ་བོད་ས་མཐོའི་དབྱར་རྩྭ་དགུན་འབུ་ཐོན་མང་ས་ཡིན་ཞིང་། དེ་གའི་དབྱར་རྩྭ་དགུན་འབུའི་ཐོན་འབབ་མང་བ་མ་ཟད། སྤུས་ཀ་ལེགས་ཤིང་རིན་གོང་ཡང་ཆེན་པོ་ཡོད། འདས་ཟིན་པའི་ལོ་ཤས་རིང་། ས་གནས་དེར་དབྱར་རྩྭ་དགུན་འབུ་འཐུ་མཁན་ཕྱི་མི་མང་པོ་ཡོང་བས་རྩོད་གཞི་མང་པོ་ཐོན་གྱི་ཡོད། ལོ་རེའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་སུ་ལས་བྱེད་པ་དང་མང་ཚོགས་ཚང་མ་ལས་བྲེལ་ཤིན་ཏུ་ཆེ།
     “རྫོང་ཡོངས་ཀྱི་ལས་བྱེད་པ་ཚང་མས་ལམ་ཁ་དང་ལུང་མདོར་ཞིབ་བཤེར་ས་ཚིགས་བཙུགས་ཏེ་རིམ་པ་བཞིན་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད” དེ་ལྟར་བྱས་ཀྱང་2013ལོའི་གོང་ད་དུང་མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་གྱོད་གཞི་ཐོན་གྱི་ཡོད་ཅེས་རྫ་སྟོད་དུ་ལས་ཀ་བྱས་ནས་ལོ་20ལྷག་སོང་བའི་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ལི་ལེན་ཧྥུའུ་ཡིས་བཤད།
     ལོ་ལྔའི་རིང་། རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་ལས་དོན་ལ་འཕྲད་པའི་དཀའ་གནད་ལ་དམིགས་ནས། ཚེ་དོན་གྲུབ་ཀྱིས་དེ་སྔའི་བྱེད་སྟངས་བསྒྱུར་ཏེ་དབང་ཆ་རིམ་བཞིན་གྲོང་ཚོ་ཁག་ལ་གཤམ་སྤྲོད་བྱས་ནས་མི་སེར་ཚོར་རང་ཐག་རང་གཅོད་བྱེད་དུ་བཅུག་པ་དང་། སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་དང་ཞབས་ཞུ་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག མཐའ་འཁོར་གྱི་ཁྱིམ་མཚེས་གྲོང་ཁྱེར་དང་རྫོང་ཁག་དང་མཉམ་དུ་རྫོང་མཚམས་ས་ཁུལ་གྱི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་མཐུན་སྦྱོར་མཉམ་ལས་ལམ་སྲོལ་བཙུགས་ནས་མང་ཚོགས་དབར་གྱི་འགལ་ཟླ་བསལ་བ་རེད།
     “གད་སྙིགས་རྫོང་གྲོང་དུ་ཁྱབ་པ”ནས་ཆུ་འགོ་སྔོ་ལྗང་གྲོང་ཁྱེར་དུ་གྱུར་པའི་བར།
     2013ལོར། ཚེ་དོན་གྲུབ་རྫ་སྟོད་དུ་ཐོག་མར་འབྱོར་སྐབས་དཀའ་གནད་ཞིག་འཕྲད་པ་སྟེ། ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་བ་མང་པོས་རྫ་སྟོད་རྫོང་གི“གད་སྙིགས་ཀྱིས་རྫོང་གྲོང་བསྐོར་བའི”སྣང་ཚུལ་གཅིག་སྡུད་ཐོག་དམར་འདོན་བྱས་པ་དེ་རེད།
     “2000ལོ་ཚུན་དུ། འབྲོག་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་ལས་རྫ་སྟོད་རྫོང་གྲོང་གི་གད་སྙིགས་བསྡུ་རུབ་དང་། གཞན་སྐྱེལ། གཙང་བཟོ་བཅས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེ་ཡང་རྫོང་ཡོངས་སུ་མི་ཁྲི་7.1ཡོད་པ་ལས་རྫོང་གྲོང་དུ་མི་ཁྲི་4.8ཡོད་པ་དེ་དག་གིས་ཉིན་ལྟར་གད་སྙིགས་ཏུན་50རེ་བཟོ་གི་ཡོད། འོན་ཀྱང་2013ལོར། རྫོང་གྲོང་དུ་ཁོར་ཡུག་གཙང་སྦྲ་བྱེད་མཁན་40དང་གད་སྙིགས་སྦས་ས་1ལས་མེད”ཅེས་ཨཱ་དབྱིན་གྱིས་བཤད།
     “གལ་སྲིད་གད་སྙིགས་ཀྱི་གནད་དོན་ཡང་ཐག་གཅོད་མ་ཐུབ་ན། ང་ཚོས་ལས་ཀ་གཞན་ཅི་ཞིག་བྱེད་ཐུབ”ཅེས་ཚེ་དོན་གྲུབ་ཀྱིས་གཙང་པོའི་ཆུ་འགོའི“གད་སྙིགས་ཀྱིས་རྫོང་གྲོང་བསྐོར་བའི”རྣམ་པར་སྒྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད་དེ་ཁོར་ཡུག་གཙང་སྦྲ་བྱེད་མཁན་མང་དུ་གཏོང་བ་དང་། གད་སྙིགས་དབོར་བའི་སྒྲིག་ཆས་བཀོད་སྒྲིག དྲིལ་བསྒྲགས་ཁྲིད་སྟོན་དང་སློབ་གསོ་གཏོང་བ་སོགས་ལ་བརྟེན་ནས་གད་སྙིགས་མང་བའི་གནད་དོན་ཐག་གཅོད་བྱེད་འགོ་ཚུགས་པ་རེད། ད་ཆ་རྫ་སྟོད་རྫོང་གྲོང་གི་གད་སྙིགས་80%ཡན་རིགས་དབྱེའི་གཙང་སེལ་བྱེད་ཀྱི་ཡོད་ཅེས་ཨཱ་དབྱིན་གྱིས་བཤད།
     “ལོ་ལྔའི་རིང་། རྫ་སྟོད་རྫོང་གི་རྣམ་པ་ལེགས་སུ་ཕྱིན་པར་ཧྲུའུ་ཅི་ཚེ་དོན་གྲུབ་ཀྱིས་ནུས་པ་གལ་ཆེན་བཏོན་ཡོད། རྫ་སྟོད་རྫོང་གྲོང་ཆེན་པོ་མེད་ཀྱང་ཁེ་ཕན་གྱི་འབྲེལ་བ་རྙོག་འཛིང་ཆེ་བས། ཁོང་གི་སྙིང་སྟོབས་དང་འགན་འཁུར་དང་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་དེ་མེད་ན། ལས་དོན་མང་པོ་ཞིག་སྤེལ་དཀའ”ཞེས་རྫ་སྟོད་རྫོང་གི་རྫོང་དཔོན་གཞོན་པ་ཀྲུང་པའོ་ཅེ་ཡིས་བཤད།