འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་4ཉིན།

༄༅།།ཀྲུང་གོ་དང་རྒྱ་གར་དབར་མཁའ་འགྲུལ་གྱི་འགྲུལ་བཞུད་བྱེད་ཚད་སླད་ཕྱིན་10%ལས་བརྒལ་རེ་ཡོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་འབོམ་འབེལ་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ཉིན་ཤས་གོང་འབོམ་འབེལ་དུ་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་རྡི་ལི་བར་གྱི་མཁའ་ལམ་བཏོད་ནས་ལོ་12འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་གཉེར་བ་རེད། གསར་འགོད་པས་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ཁབ་གཉིས་དབར་འགྲོ་འོང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་བསྟུན། སླད་ཕྱིན་ཀྲུང་གོ་དང་རྒྱ་གར་དབར་གྱི་མཁའ་འགྲུལ་གྱི་འགྲུལ་བཞུད་བྱེད་ཚད་10%ལས་བརྒལ་རེ་ཡོད་པ་རེད།
     རྒྱལ་སྤྱི་མཁའ་འགྲུལ་ཀུང་སིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཀྲུང་གོ་དང་རྒྱ་གར་དབར་གྱི་མཁའ་འགྲུལ་འགྲུལ་པའི་ནང་རྒྱ་གར་བས་80%དང་ཀྲུང་གོ་བས་20%ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་རྒྱ་གར་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བའི་སྐུལ་ཁྲིད་འོག་ཀྲུང་གོ་བ་རྒྱ་གར་དུ་སྐྱོད་ཚད་ནི་རྒྱ་གར་བ་ཀྲུང་གོར་བསྐྱོད་པ་ལས་མཐོ་བ་ཡོད་པ་རེད།
     ད་དུང་འབྲེལ་ཡོད་དབྱེ་ཞིབ་ནང་མངོན་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར་འགྲོ་འོང་བཅས་ཀྱི་འཕེལ་ཕྱོགས་ལ་གཞིགས་ཁར་རྒྱ་གར་གྱིས་ཀྲུང་གོར་གློག་རྡུལ་ཐོངས་མཆན་སྤྲོད་རྒྱུ་ལག་བསྟར་བྱས་པར་བརྟེན། སླད་ཕྱིན་ཀྲུང་གོ་དང་རྒྱ་གར་དབར་གྱི་མཁའ་འགྲུལ་གྱི་འགྲུལ་བཞུད་བྱེད་ཚད་དེ་ལོར་ཆ་སྙོམས་10%ལས་བརྒལ་རྒྱུ་ཡིན་པ་རེད།
     བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིའི་འབོམ་འབེལ་ལས་གཉེར་པུའི་སྤྱི་ཁྱབ་ཅིང་ལི་ཧྲའོ་ཅུན་གྱིས། རྒྱལ་སྤྱི་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱེད་པའི་ཀྲུང་གོ་དང་རྒྱ་གར་གྱི་མཁའ་ལམ་ནི“རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སྤེལ་རེས་བྱེད་སའི་ཕུགས་འདུན་གྱི་འབྲེལ་ཟམ་ཞིག་ཡིན”པ་དང་། སླད་ཕྱིན་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མཁའ་འགྲུལ་ཞབས་ཞུའི་དྲ་རྒྱ་མུ་མཐུད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།