འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།འབར་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་སྐུལ་འདེད་བཞུགས་མོལ་ཚོགས་འདུ་འབར་མར་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རང་ཀོང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། འབར་མའི་གསོལ་མགྲོན་ཁང་དང་ཡུལ་སྐོར་པུའི་པུའུ་ཀྲང་ཝུང་མའོ་ཡིས་རང་ཀོང་དུ་འབར་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་ལས་རིགས་མི་སྣའི་དབར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབར་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་ཐད་གྲོས་བསྡུར་བྱས་པ་རེད།
     ཝུང་མའོ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་འབར་མ་སྲིད་གཞུང་གིས་འབར་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཆེད་སྲིད་ཇུས་གསར་པ་འཆར་འགོད་བྱེད་བཞིན་ཡོད་པ་དང་། དམངས་ཁྲོད་ཁྱབ་ཁོངས་ཀྱིས་ཀྱང་ཀྲུང་གོའི་ཡུལ་སྐོར་བར་སྔར་བས་འཐུས་སྒོ་ཚང་བའི་ཞབས་འདེགས་ཞུ་ཆེད་དགོས་ངེས་ཀྱི་རྨང་གཞིའི་སྒྲིག་བཀོད་མང་དུ་གཏོང་བ་དང་དེ་བཞིན་ཆུ་ཚད་མཐོ་བའི་ཡུལ་སྐོར་སྣེ་ཤན་པ་དེ་བས་མང་བ་གསོ་སྦྱོང་བྱས་ཏེ་འབར་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
     རང་ཀོང་གནམ་ཐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུའོ་པིང་ཀྲུང་གིས་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པའི་དམིགས་ཡུལ་གཙོ་བོ་ནི་འབར་མའི་ཡུལ་སྐོར་ཁྱབ་གདལ་བཏང་ནས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་འབར་མར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་དང་། རང་ཀོང་གནམ་ཐང་ཀུང་སིས་དེའི་ཐད་དགོས་ངེས་ཀྱི་ལས་སྟེགས་མཁོ་འདོན་བྱས་ཏེ་འབར་ཀྲུང་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་བསྡུར་བྱ་ཆེད་ཡིན་ཞེས་བཤད་པ་རེད།