འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།ཀྲུང་གོས་ལོ་40རིང་དབུལ་པོ་དུང་ཕྱུར་བདུན་ལྷག་ཙམ་ཉུང་དུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། ཀྲུང་གོས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་མི་འབོར་དབུལ་པོ་དུང་ཕྱུར་བདུན་ལྷག་བདེ་བླག་ངང་དབུལ་སྒྲོལ་བྱས་པ་དེས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་མི་འབོར་དབུལ་པོ་ཉུང་གཏོང་བསྡོམས་འབོར་གྱི་70%ལྷག་བཟུང་ཡོད་པ་རེད།
     འདི་ནི་ཚེས་1ཉིན་གསར་འགོད་པར་པེ་ཅིང་དུ་འཚོགས་པའི་སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་དབུལ་སྐྱོར་རྒྱལ་སྤྱིའི་གླེང་སྟེགས་ནས་ཤེས་རྟོགས་བྱུང་།
     རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུ་ཡིས་དེ་ཉིན་གྱི་གླེང་སྟེགས་ཐོག ཀྲུང་གོས་ལོ་40ཡི་གོང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྱི་ཐབས་ཇུས་བཀོད་ནས་སྒྲིག་འཛུགས་ཡོད་པ་དང་། འཆར་གཞི་ཡོད་པ། གཞི་ཁྱོན་ལྡན་པ་བཅས་ཀྱི་དབུལ་སྐྱོར་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་རིམ་བཞིན་དབུལ་སྐྱོར་གྱི་ཚད་གཞིའང་ཐེངས་རེ་མཐོ་རུ་སོང་བ་དང་དབུལ་སྐྱོར་ལས་དོན་ལ་གོམ་གང་མདུན་སྤོས་ཀྱིས་སྐུལ་མ་ཐེབས་ཀྱི་ཡོད་ཅེས་བཤད།
     ལིའུ་ཡུང་ཧྥུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་བར་ཀྲུང་གོའི་མི་འབོར་དབུལ་པོ་80%ཡན་ཉུང་དུ་འགྲོ་རྒྱུ་རེད། དབུལ་སྒྲོལ་འགག་སྒྲོལ་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དང་། དབུལ་པོ་ཉུང་གཏོང་གི་དམིགས་ཚད་ཁ་གསལ་བ། གནད་སྨིན་གྱི་གཞི་རྩའི་མཛད་ཇུས་དང་རྒྱུན་སྲོལ་ལས་བརྒལ་བའི་སྲིད་ཇུས་ཀྱི་བྱེད་ཐབས་བཅས་ལས་བྱུང་བ་ཞིག་རེད་ཅེས་བཤད།
      ད་ཆ་ཀྲུང་གོར། ད་དུང་མི་འབོར་དབུལ་པོ་ཁྲི་3000ལྷག་ཙམ་ཡོད་པ་མ་ཟད། ཤིན་ཏུ་དབུལ་བའི་ས་ཁུལ་དུ་དབུལ་པོ་ཐོན་ཚད་མཐོ་བ་དང་དབུལ་སྒྲོལ་གྱི་དཀའ་གནད་ཆེན་པོ་ཡོད། “དཀའ་ངལ་ཇི་ལྟར་ཆེ་ཡང་ང་ཚོས་སེམས་ཐག་གཙང་བཅད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕུ་ཐག་གཅོད་པའི་རྒྱལ་ཁ་ཕྱོགས་ཡོངས་ནས་བླངས་ཏེ་2020ལོར་སླེབས་སྐབས། ཀྲུང་གོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ལིའུ་ཡུང་ཧྥུ་ཡིས་བཤད།