འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།རང་རྒྱལ་གྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ཐད་མུ་མཐུད་འབད་བརྩོན་བྱས་པས་ཁོར་ཡུག་གི་སྤུས་ཚད་
རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ཉམས་མྱོང་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་ལོ་ཤས་རིང་། ས་གནས་ཁག་གིས་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དཔེ་མཚོན་མང་པོ་མཁོ་འདོན་བྱས་ཡོད་པ་རེད།
      2013ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད(2013ནས་2020ལོའི་བར)》ལ་ཆོག་མཆན་སྤྲད་ནས་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད་པ་རེད། ས་གནས་ཁག་གིས་ལས་འགན་དོན་འཁྱོལ་ཡག་པོ་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚན་རྩལ་པུའུ་དང་གནམ་གཤིས་ཅུས་སོགས་སྡེ་ཚན་མང་པོ་དང་མཉམ་དུ་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། 2015ལོར་ས་ཁུལ་དང་གྲོང་ཁྱེར་རིམ་པ་30དང་རྫོང་རིམ་པ་113གྱི་དཔེ་སྟོན་ཁུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་ནགས་ཚལ་དང་། རྩྭ་ཐང་། ཆུ་དང་མཚེའུ། འདམ་ར། རྒྱ་མཚོ་སོགས་ཀྱི་རང་བྱུང་སྣོད་བཅུད་མ་ལག་གཙོ་བོའི་རིགས་དང་། དེ་བཞིན་སྣོད་བཅུད་དབུལ་སྐྱོར་དང་། སྣོད་བཅུད་ཐོན་ལས་འཕེལ་རྒྱས། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་སོགས་ཀྱི་འབྲེལ་ཡོད་གཙོ་གནད་ལས་འགན་དང་འབྲེལ་བ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་ཅིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་གིས། མིག་སྔར། ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་མཐོ་རུ་བརྟན་པོ་ཕྱིན་ཏེ། ས་ཞིང་བྱེ་འགྱུར་དང་། བྱེ་རྡོ་ཅན་དུ་འགྱུར་བ། ས་ཆུ་ཤོར་བ་བཅས་ཀྱི་སྣོད་བཅུད་ཀྱི་གནད་དོན་ཆེན་པོ་གསུམ་ཐག་གཅོད་ནུས་ལྡན་ཐུབ་ཡོད་ལ། ཆུ་དང་མཚེའུ་དང་། འདམ་ར། རྒྱ་མཚོ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་འཕེལ་རྒྱས་ཡག་པོ་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེ་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     “ནགས་ཚལ་ཁྱབ་ཚད་དུས་རབས་འདིའི་དུས་འགོའི་16.6%ནས་22%ཙམ་བར་མཐོ་རུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་སྤྱི་ལེ་ངོས་གྲུ་1717ཉུང་དུ་ཕྱིན་པ། ཐང་རྒོད་ཅན་གྱི་ས་ཆའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་སྤྱི་ལེ་ངོས་གྲུ་2491ཉུང་དུ་ཕྱིན་ཡོད། བྱེ་རྡོ་ཅན་གྱི་ས་ཆའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་སྤྱི་ཆིང་ཁྲི་16ཉུང་དུ་ཕྱིན་ཡོད”ཅེས་ཀྲང་ཡུང་གིས་བརྗོད།
     ལོ་གསུམ་རིང་། ས་ཁུལ་འགའ་ཞིག་གིས་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་འཆར་འགོད་ཀྱི་གཙོ་གནད་ལས་འགན་དེ་ས་གནས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་དང་གཙོ་གནད་ཆེད་དོན་འཆར་འགོད་བཟོ་བའི་གསལ་ཐོར་བཅུག་པ་དང་སྦྲགས། སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་འབྲེལ་ཡོད་དམིགས་ཚད་དང་ལས་འགན་རིམ་པ་ཁག་དང་སྡེ་ཚན་ཁག་ཏུ་ཁག་བགོས་དོན་འཁྱོལ་བྱས་པས། འཆར་འགོད་ཀྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་ཐུབ་ཡོད་པ་རེད། སི་ཁྲོན་ཞིང་ཆེན་ནན་ཅང་རྫོང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད་བྱེད་རིང་། རྣམ་གྲངས་ཁག་97གསོག་འཇོག་བྱས་ཡོད་པ་དང་། མིག་སྔར་འཆར་འགོད་ལ་ནན་པོར་གཞིགས་ནས་རྣམ་གྲངས་ཁག་56བསྐྲུན་པས་འཆར་འགོད་བཟོ་འགོད་ཀྱི་ཚན་རིག་གི་རང་བཞིན་དང་། གནད་སྨིན་གྱི་རང་བཞིན། གཅུན་འདོམས་ཀྱི་རང་བཞིན་བཅས་མངོན་ཡོད་པ་རེད།
     ས་ཁུལ་འགའ་ཞིག་གིས་ས་ཁོངས་སྒྲོལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་གྱི་ལམ་སྲོལ་བཙུགས་ཡོད་པ་རེད། ཧྥུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་གྱིས་གདོད་མའི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱི་རྨང་གཞིའི་ཐོག་ཆུ་བེད་དང་། རྒྱལ་ཁབ་ས་ཆ། ཁོར་ཡུག་སྲུང་སྐྱོང་། ནགས་ལས། གཏེར་ལས། བདེ་འཇགས་ལྟ་སྐུལ་སོགས་སྡེ་ཚན་གྱི་སྣོད་བཅུད་དོ་དམ་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆད་གཅོད་དབང་ཆ་གཅིག་སྡུད་བྱས་ཏེ། སྣོད་བཅུད་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་བཙུགས་ནས་ཤང(གྲོང་རྡལ)18ལ་ལེ་ལག་ཚང་བའི་ངང་སྣོད་བཅུད་ཕྱོགས་བསྡུས་ཁྲིམས་འཛིན་ཡན་ལག་ཅུས་བཙུགས་ཏེ། སྣོད་བཅུད་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་ཕྱོགས་ཡོངས་ནས་བསྒྲུབས་པས“སྣོད་བཅུད་ཉེན་རྟོག་པའི”ནུས་པ་ཐོན་ཡོད་པ་རེད།