འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་2ཉིན།

༄༅།།པུའུ་དབར་གྱི་མཉམ་འབྲེལ་ལས་དོན་ཚོགས་ཆུང་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་ཉེན་སེལ་གེགས་སྐྱོབ་བྱ་ཡུལ་དུ་འབྱོར་ནས། 

ཉེན་སེལ་རོགས་སྐྱོབ་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་02ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གསར་འགོད་པར་འཕྲལ་སྡོམ་ཉེན་སེལ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། འཕྲལ་སྡོམ་ཉེན་སེལ་དོ་དམ་པུས་སྣེ་འཁྲིད་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་ཉིན་དེའི་ཆུ་ཚོད་བཅུ་གཅིག་ཙམ་ལ་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་ཉེན་སེལ་གེགས་སྐྱོབ་བྱ་ཡུལ་དུ་འབྱོར་ནས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་དང་མཉམ་དུ་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཉེན་ཁའི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་ཆོད་འདོམས་བྱས་ནས་ཉེན་སེལ་དང་། རོགས་སྐྱོབ། གེགས་སེལ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་30ཉིན་གྱི་ཆུ་ཚོད་བཅུ་གཅིག་ཙམ་ལ། འཁྱིལ་མཚོ་ཆགས་ཡུལ་སྟོད་རྒྱུད་ཀྱི་སྤྱི་ལེ་18ཀྱི་སའི་གནས་སྐབས་ཆུ་ཁ་རྒྱས་ཚུལ་བརྟག་དཔྱད་ས་ཚིགས་ཀྱི་འཁྱིལ་མཚོའི་ཡར་ཀླུང་གཙང་པོའི་ས་ཚིགས་ཀྱི་ཆུ་ཁ་སྨི་55.58ཟིན་པ་དེ་ཆུ་ཚོད་བཅུ་པའི་སྐབས་ལས་སྨི་0.76མཐོ་རུ་སོང་ཡོད། རིགས་གཅིག་མཁས་ཅན་གྱིས་འཁྱིལ་མཚོར་ཆུ་གསོག་ཚད་ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.91ཟིན་པའི་ཚོད་དཔག་བྱས་ཡོད།
     གེགས་བར་གྱི་གནས་ཚུལ་ལ་གཞིགས་ཏེ། པུའུ་དབར་གྱི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་ནུས་ཤུགས་ཡོད་རྒུས་གེགས་བར་བྱུང་བའི་མང་ཚོགས་ས་གནས་གཞན་དུ་སྤོ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་གཅིག་ཀྱང་མ་ལུས་པ་དང་མང་ཚོགས་གཅིག་ཀྱང་ཉེན་ཁའི་ཁུལ་དུ་མི་འཇོག་པ། ཉེན་ཁའི་གནས་ཚུལ་ལ་དབྱེ་ཞིབ་དང་། ཞིབ་འཇུག་ཆོད་འདོམས་ནན་པོ་བྱས་ནས་འཁྱིལ་མཚོ་མེད་པར་བཟོ་བའི་ཐབས་ཤེས་ལ་ཞིབ་འཇུག་བྱས་ཏེ་གནོད་འཚེ་བསྐྱར་མ་དང་རྒྱུན་མཐུད་གནོད་འཚེ་མི་ཡོང་བའི་འགན་ལེན་བྱེད་དགོས། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རི་ཉིལ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་ཆུ་བོའི་སྟོད་སྨད་རྒྱུད་ཀྱི་ཆུ་ཁའི་གནས་ཚུལ་དང་ཉེ་འཁོར་གྱི་ས་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། ཉེན་སེལ་རོགས་སྐྱོབ་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།