འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་2ཉིན།

༄༅།།ཆུ་འོག་འཕྲུལ་མི་སྤྱད་དེ་མཚོ་བོད་ས་མཐོའི་ཆུ་ཁོངས་སུ་འཚོལ་ཞིབ་ཐིག་ལེན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་02ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧའར་པིན་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་30ཉིན་ཧའར་པིན་ལས་གྲྭ་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། ཧའར་པིན་ལས་གྲྭ་སློབ་ཆེན་དང་། མཚོ་སྔོན་སློབ་ཆེན། ཆིང་ཧྭ་སློབ་ཆེན་གཙང་གསུམ་ཞིབ་འཇུག་ཁང་བཅས་ལས་གྲུབ་པའི་མཉམ་འབྲེལ་ཚན་ཞིབ་རུ་ཁག་གིས་རིག་ནུས་ཆུ་འོག་འཕྲུལ་མི་སྤྱད་དེ་གཙང་གསུམ་ཆུ་འགོའི་ཆུ་ལམ་དང་ལམ་དྲའི་འཕོ་འགྱུར་ཁྱད་ཆོས་ལ་ཞིབ་འཇུག་བྱས་པ་རེད།
     “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚོ་བོད་ས་མཐོ་ནི་ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོ་མང་པོའི་ཆུ་འགོ་ཡིན་ལ། རང་རྒྱལ་གྱི་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་སྲུང་སྐྱོང་ནན་ཤོས་བྱེད་པའི་ས་ཁོངས་ཀྱི་གྲས་ཤིག་རེད། ད་ཐེངས་ཀྱི་མཉམ་འབྲེལ་ཚན་ཞིབ་རུ་ཁག་མཚོ་བོད་ས་མཐོའི་ཐང་བོད་གནའ་ལམ་གྱི་གཙོ་གནད་ཁུལ་དུ་བསྐྱོད་དེ། ཁུ་པ་མཚོ(དུག་མཚོ)དང་མགུར་གཅོང་ཟམ་པ(ཚ་རྔ་འགག)ཡི་ཆུའི་སྤུས་ཚད་ཆ་འཕྲིན་ལ་འཚོལ་ཞིབ་ཐིག་ལེན་དང་འཚོལ་བསྡུ་བྱས་པའི་དམིགས་ཡུལ་ནི་ས་མཐོར་དྲོད་ཚད་ཆེ་རུ་ཕྱིན་པ་ལས་རླུང་ཁམས་ཆེ་མོའི་འཁོར་རྒྱུག་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་དབྱེ་ཞིབ་དང་། ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་ཆུའི་སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་འགན་ལེན་བཅས་ཀྱི་ཆེད་དུ་རེད།
     ད་ཐེངས་ཀྱི་ཚོད་ལྟར་སྤྱད་པའི་རིག་ནུས་ཆུ་འོག་འཕྲུལ་མི་ནི་ཧའར་པིན་ལས་གྲྭ་སློབ་ཆེན་གྱི་ཆུ་འོག་འཕྲུལ་མིའི་ལག་རྩལ་གཙོ་གནད་ཚོད་ལྟ་ཁང་དང་ཆིང་ཧྭ་སློབ་ཆེན་གྱི་ཆུ་དང་བྱེ་མའི་ཚན་རིག་དང་ཆུ་བེད་ཆུ་གློག་ལས་གྲྭའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གཉིས་ཀྱིས་མཉམ་དུ་ཞིབ་འཇུག་དང་གསར་པ་བཟོས་པ་ཞིག་རེད། རིག་ནུས་ཆུ་འོག་འཕྲུལ་མིའི་རང་བརྟེན་ཅན་གྱི་ཆུ་ཚད་མཐོ་བ་དང་དུས་ཡུན་རིང་པོ་རང་བརྟེན་ངང་ཆུ་འོག་ཆུ་དཔྱད་ཆ་འཕྲིན་གྱི་འཚོལ་ཞིབ་ཐིག་ལེན་ལས་ཀ་བྱེད་ཐུབ་ཀྱི་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་པའི་ཁོངས་མིས་ཉིན་གསུམ་རིང་གཏན་འཁེལ་བྱས་པའི་ཆུ་ཁོངས་ཀྱི་གཏིང་ཚད་མི་འདྲ་བའི་ཆུ་དཔྱད་ཆ་འཕྲིན་ལ་འཚོལ་ཞིབ་ཐིག་ལེན་བྱས་པས་ཐེངས་གཅིག་ཁོ་ནས་ཆུ་ཁོངས་དེའི་ཆུ་དཔྱད་དང་ཆུའི་སྤུས་ཚད་གྱི་ཆ་འཕྲིན་གལ་ཆེན་འཚོལ་ཞིབ་ཐུབ་ཡོད།