འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།མཚོ་སྔོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་རྫོང་རིམ་པའི་དབུལ་སྐྱོར་ཅུས་ཀྲང་གིས་སྒྲིག་འགལ་ཁྲིམས་
འགལ་བྱས་པའི་དཔེ་མཚོན་གྱོད་གཞི་གཉིས་བརྡ་ཁྱབ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་རྫོང་རིམ་པའི་དབུལ་སྐྱོར་ཅུས་ཀྲང་གིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་དཔེ་མཚོན་གྱོད་གཞི་གཉིས་བརྡ་ཁྱབ་བཏང་བ་རེད།
     མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་རྫོང(ཆུས)དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་རིམ་བྱུང་བཞི་ལ་དབུལ་སྐྱོར་རྣམ་གྲངས་ཀྱི་མཐུན་སྦྱོར་གྲོན་དངུལ་བསྡུ་ལེན་དང་དབུལ་སྐྱོར་མ་དངུལ་གཡོ་ལེན་སོགས་ཀྱི་གནད་དོན་ཡོད་པ་དང་། 2012ལོ་ནས་2017ལོ་བར་ཞུས་གོ་ཧུའེ་དང་། ཝང་མིང་ཧྥང་། མེ་ཅང་ལུང་། དབྱང་པད་མ་བཅས་མི་བཞིས་གྲོ་ཚང་རྫོང་དང་གྲོ་ཚང་ཆུས་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གི་འགན་སོ་སོར་འཁུར་རིང་ཚན་པའི་མིང་ཐོག་ནས་རྣམ་གྲངས་ལག་བསྟར་ཕྱོགས་ནས་ལས་དོན་མཐུན་སྦྱོར་གྲོན་དངུལ་སྒོར་ཁྲི་24བླངས་པ་དང་། འགྲོ་གྲོན་གཏོང་ཡུལ་རྫུས་མ་བཟོས་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་19.8543དང་སྲིད་འཛིན་གྲོན་དངུལ་སྒོར་ཁྲི་15.3411གཡོ་ལེན་བྱས་པར་ཁྱོན་སྒོར་ཁྲི་35.1954ཟིན་པ་དེ་དག་གཞུང་དངུལ་ལ་སྤྱད་ནས་ལག་རྟགས་སྤྲོད་པ་དང་། གཞུང་དངུལ་ལ་སྤྱད་ནས་ཡུལ་སྐོར་བྱེད་པ། སྒྲིག་འགལ་སྣེ་ལེན་བྱེད་པ་སོཌ་ཐད་བཏང་བ་རེད། 2017ལོའི་ཟླ་12ནས་2018ལོའི་ཟླ་10པ་བར་ཞུས་གོ་ཧུའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། ཝང་མིང་ཧྥང་དང་མེ་ཅང་ལུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། དབྱང་པད་མར་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་དང་འབྲེལ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་། འབྲེལ་ཡོད་འགན་འཁུར་བ་གཞན་དག་གི་འགན་འཁྲི་རྩད་གཅོད་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་བློ་བཟང་དགེ་ལེགས་ལ་ལས་འགན་ཡག་པོ་མ་འཁུར་བའི་གནད་དོན་ཡོད། 2015ལོར་ཆུ་དམར་ལེབ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་འཇའ་ཚོན་སྣ་བདུན་གནས་སྤོས་ཡུལ་མིའི་སྒོ་རྩིས་ཚོང་ཁང་གི་དུས་ཐེངས་གཉིས་པའི་ཐོག་སོ་སྣོན་པའི་ལས་གྲྭ་ལག་བསྟར་བྱེད་སྐབས་བློ་བཟང་དགེ་ལེགས་ཀྱིས་དུས་ཐེངས་དང་པོའི་ལས་གྲྭ་ཨར་སྐྲུན་ཕྱོགས་ཀྱིས་རྣམ་གྲངས་ལ་རྒྱུས་མངའ་ཡོད་པར་ཁ་གཡར་ནས་འོས་དཔོད་ཀྱི་གོ་རིམ་ལག་བསྟར་མ་བྱས་པར་སྒྲིག་འགལ་ངང་སྒོར་ཁྲི་190ཟིན་པའི་རྣམ་གྲངས་དུས་ཐེངས་དང་པོའི་རྣམ་གྲངས་ཨར་སྐྲུན་ཕྱོགས་ལ་ཐད་ཀར་རྩིས་སྤྲད་པ་རེད། གཞན་ཡང་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ནོར་དོན་ཚད་ལྡན་མེད་པ་དང་དབུལ་སྐྱོར་ཆེད་དོན་མ་དངུལ་དོ་དམ་ཟང་ཟིང་སོགས་ཀྱི་གནད་དོན་ཐོན་ནས་སྔ་རྗེས་སུ་དག་ཐེར་བྱ་རྒྱུའི་ལྕག་སྐུལ་ཐེངས་མང་བྱས་པ་རེད། 2018ལོའི་ཟླ་3པར་བློ་བཟང་དགེ་ལེགས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པ་དང་སྲིད་དོན་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     བརྡ་ཁྱབ་ནང་གོང་གསལ་གྱི་དཔེ་མཚོན་གྱོད་གཞི་ལས་དབུལ་སྐྱོར་ཁྱབ་ཁོངས་སུ་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་དམིགས་ཡུལ་གྱི་འདུ་ཤེས་ཟབ་པོ་མེད་པ་དང་། བཅའ་ཁྲིམས་དང་སྒྲིག་ལམ་སྲུང་བའི་འདུ་ཤེས་ཞན་པ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་ཐ་ན་འགན་དབང་གང་བྱུང་དུ་སྤྱོད་པ་ཐེར་འདོན་བྱས་ཡོད། གྲོ་ཚང་རྫོང(ཆུས)གི་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་རིམ་བྱུང་བཞིས་ཏང་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་མེད་པ་དང་། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་འབྲེལ་མིང་སྣ་ཚོགས་བཏགས་ནས་དབུལ་སྐྱོར་མ་དངུལ་གཡོ་ལེན་ཐེངས་མང་བྱས་ཏེ་སྒྲིག་འགལ་ངང་བེད་སྤྱད་པས་དབུལ་སྐྱོར་མ་དངུལ་གྱི་དོ་དམ་ལམ་ལུགས་ལས་ཚབས་ཆེན་འགལ་ཏེ་མང་ཚོགས་དབུལ་པོའི་ཁྲོད་ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་གནོད་འཚེ་བཏང་ཡོད་པ་རེད།