འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།བོད་བྱང་ཐང་ས་མཐོའི་བུད་མེད་ཀྱི་འབད་འཐབ་སྙན་དབྱངས། 

—— བོད་ལྗོངས་ནག་ཆུ་ཡན་ལག་དམག་ཁུལ་ཁང་འགན་སྲུང་ཡིང་འཕྲོད་བསྟེན་རུ་ཁག་གསོ་རླུང་མཁོ་འདོན་ ས་ཚིགས་ཀྱི་ཀྲེན་ཀྲང་ཕེང་གཡན་གྱི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     གསར་འགོད་པ། ལི་ཆིང་ཧྭ་དང་། དབྱང་ཆིང་མིན། གཡན་ལེང་།
     ཟླ་10ཚེས་26ཉིན་གྱི་ཉིན་གུང་མི་ཚོགས་སྟུག་པའི་བོད་ལྗོངས་གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་ཁང་དུ་ལོ་39ལ་སླེབས་པའི་ཕེང་གཡན་ཁྲེང་ཏུའུ་རུ་འཕུར་བའི་གནམ་གྲུ་སྒུག་བཞིན་ཡོད།
      ལོ་19ཡི་རིང་། བོད་ལྗོངས་ནག་ཆུ་ཡན་ལག་དམག་ཁུལ་ཁང་འགན་སྲུང་ཡིང་འཕྲོད་བསྟེན་རུ་ཁག་གསོ་རླུང་མཁོ་འདོན་ས་ཚིགས་ཀྱི་ཀྲེན་ཀྲང་གི་འགན་འཁུར་བཞིན་པའི་ཕེང་གཡན་གྱིས་གནམ་ཐང་འདི་ནས་འཕུར་ཐེངས་ག་ཚོད་བྱས་མིན་གསལ་པོ་ཤོད་རྒྱུ་མེད།
     ལོ་19ཡི་རིང་། ཁོང་གིས་དཔོན་དམག་དང་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཇི་ཙམ་ལ་ནད་གཡོག་རྒྱུག་མིན་ཤོད་རྒྱུ་མེད་མོད། ཡིན་ནའང་ཁོ་མོས་གུང་ཁྲན་ཏང་ཡོན་ཞིག་དང་། དམག་མི་ཞིག ནད་སྐྱོང་བ་ཞིག་བཅས་ཀྱི་ངོས་ནས་ནག་ཆུའི་དཔོན་དམག་དང་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་ནི་རང་ཉིད་ཀྱི་འགན་འཁྲི་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།
     “ང་བོད་ལ་དགའ། ནག་ཆུར་དགའ་ཞེས་བཤད་ན་མི་ཚོས་ངས་འུད་ཤོབ་ཤོད་པའི་སྣང་བ་ཡོང་གི་རེད། འོན་ཀྱང་ང་ས་ཆ་འདི་དང་འདི་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ལ་དངོས་འབྲེལ་དགའ་པོ་ཡོད”ཅེས་ཕེང་གཡན་གྱིས་སྐད་གདངས་དམའ་པོའི་ཐོག་ནས་སྐད་ཆ་འདི་ཤོད་སྐབས་གསར་འགོད་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་།
     ལོ་19ཡི་གོང་དུ། ལོ་20ལ་སླེབས་པའི་ཕེང་གཡན་སློབ་གྲྭ་ཐོན་རྗེས་ནག་ཆུར་ལས་ཀ་བྱེད་པར་བསྐྱོད་ཅིང་། ཕ་མ་དང་མཉམ་དུ་ཉིང་ཁྲིར་ལོ་མང་འཚོ་བ་སྐྱེལ་མྱོང་བའི་ཁོང་གིས་བོད་ལ་སེམས་པ་འཕྲེང་བཞིན་ཡོད།
     1998ལོར། ཁྲེང་ཏུའུ་རུ་སློབ་གྲྭ་འགྲིམ་བཞིན་པའི་ཕེང་གཡན་གྱིས་བརྙན་འཕྲིན་ནང་ནས་ནག་ཆུའི་གངས་སྐྱོན་ཚབས་ཆེན་ཁྲོད་དུ་དཔོན་དམག་ཚོའི་རྐང་ལག་ལ་འཁྱགས་སྦོས་ཐེབས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྨན་པ་དང་སྨན་དཀོན་པའི་གསར་འགྱུར་མཐོང་སྐབས་ནག་ཆུར་ལས་ཀ་བྱེད་པར་སྐྱོད་འདོད་ཀྱི་བློ་ཞིག་སྐྱེས། 1999ལོར་ཕེང་གཡན་ནག་ཆུ་ཡན་ལག་དམག་ཁུལ་ཁང་སྒོ་བསྟེན་སྨན་ཁང་གི་ནད་སྐྱོང་བ་ཞིག་ཏུ་གྱུར།
    ནག་ཆུ་ཡན་ལག་དམག་ཁུལ་ཁང་དུ་འཐབ་འཛིང་པ་ཚོས་ཕེང་གཡན་ལ“ཨ་ཅག་གཡན་ཙེ”ཞེས་འབོད་རྒྱུར་དགའ་བ་དང་། ནག་ཆུའི་བོད་རིགས་སྤུན་ཟླ་ཚང་མས་ཁོང་ལ“ཨ་ཅག”ཅེས་འབོད་ཀྱི་ཡོད།
     2008ལོའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་བོད་རིགས་ཕོ་གཞོན་ཀརྨ་ལྷུན་གྲུབ་ཀྱིས་ཕེང་གཡན་འཚོལ་བར་ཡོང་སྟེ“ཨ་ཅག ངའི་ཨ་མ་སྐྱོབ་རོགས། སྐུ་མཁྱེན”ཞེས་བཤད།
     “ངས་ལམ་སེང་ཡོང་ཆོག”ཅེས་ཕེང་གཡན་གྱིས་མཚན་མོའི་ཁ་བ་བུ་ཡུག་ལ་མ་འཛེམས་པར་ཀརྨ་ལྷུན་གྲུབ་ཀྱི་ཁྱིམ་དུ་བསྐྱོད། དེ་གར་འབྱོར་རྗེས་ངལ་གསོ་ཁོམ་ཡང་མ་བྱུང་བར་དབུགས་གཏོང་དཀའ་བའི་ཨ་མ་རྒན་མོ་མྱུར་སྐྱོབ་བྱས། ཨ་མ་རྒན་མོའི་གདོང་གཤིས་སླར་ཡང་གསོས་པ་མཐོང་སྐབས་ཀརྨ་ལྷུན་གྲུབ་ཀྱིས་ཕེང་གཡན་གྱི་ལག་ནས་བཟུང་སྟེ་ངུ་བཞིན་སྐད་ཆའང་ཤོད་དཀའ་བར་གྱུར།
     2008ལོའི་ཟླ་11པར། ཕེང་གཡན་གྱིས་སྨན་པ་དང་མཉམ་དུ་ནག་ཆུའི་ཤར་རྒྱུད་རྫོང་གསུམ་གྱི་དཔུང་སྡེར་སྐོར་སྐྱོད་སྨན་བཅོས་ལ་འགྲོ་སྐབས་ཆམ་ནད་ཕོག་སྟེ་གློ་བར་ཆུ་བསགས་ཤིང་། ཉིན་10བསྟུད་མར་སྨན་ཆུ་བླུགས་པས་གཟུགས་པོའི་ལྗིད་ཚད་ཀྱང་ཡང་དུ་ཕྱིན་། ཁོ་མོར་ནང་སར་ལོག་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཀྱང་ཁོང་གིས“འདི་གར་ངས་རྒྱུས་མངའ་ཡོད་པའི་འཐབ་གྲོགས་དང་གཉེན་ཉེ་ཡོད་པས་ཁོང་ཚོ་དང་མཉམ་དུ་སྡོད་འདོད་འདུག”ཅེས་ཤོད་ཀྱི་ཡོད།
     ལོ་19ཡི་རིང་། ཕེང་གཡན་ནད་སྐྱོང་བ་དཀྱུས་མ་ཞིག་ནས་གཞི་རིམ་དཔུང་སྡེའི་ཕུལ་བྱུང་འཐུས་མིར་གྱུར་ཞིང་། ཁོ་མོས་ལག་ལེན་གྱི་ཁྲོད་དུ་ས་མཐོའི་ཉེར་སྤྱོད་ཀྱི་ནད་སྐྱོང་ལག་རྩལ་དང་ཉམས་མྱོང་མང་པོ་ཞིག་བསགས་ཏེ་བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་དང་མི་སེར་ཚོའི་བདེ་ཐང་བསྲུངས་པ་དང་དུས་མཚུངས་དེ་དག་ཁྱབ་གདལ་དང་བེད་སྤྱོད་ཀྱང་བཏང་ཡོད། ཁོང་གིས་ས་མཐོའི་ནད་ཐོག་སྨན་བཅོས་དང་ཟུང་འབྲེལ་བྱས་ནས་བྲིས་པའི《ས་མཐོའི་ནད་སྐྱོང་གི་གཞི་རྩའི་གནད་འགག》སོགས་ཀྱི་རྩོམ་ཡིག་ལ་ལས་རིགས་ནང་ཁུལ་དུ་བསྔགས་བརྗོད་ཐོབ་ཡོད།
     བོད་ལྗོངས་དམག་ཁུལ་ཁང་གི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། བོད་རང་སྐྱོང་ལྗོངས་ཀྱི“ལྔ་བཞི”གཞོན་ནུའི་གཟེངས་རྟགས། “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་གྱི་དཔེ་དམག”ལ་སོགས་པའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པའི་རྒྱབ་ཏུ་སྤྱིར་བཏང་ལོ་ཟླའི་ཁྲོད་སྐད་གྲགས་མེད་པའི་འབད་བརྩོན་དང་ལེགས་སྐྱེས་ཕུལ་བ་ཤ་སྟག་རེད།