འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།ཀྲུང་གོའི་ཞིང་ལས་འཕེལ་རྒྱས་མཉམ་ལས་རྣམ་གྲངས་ཀྱིས་ཨ་ཧྥེ་རི་ཁའི་འབྲུ་རིགས་ཐོན་འཕར་ཡོང་རྒྱུར་རམ་
འདེགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས་ཚེས་29ཉིན་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཐུན་མོང་ཐོག་ཀྲུང་གོའི་ཀི་ནེ་ཡ་པི་སོ་དང་མོ་ཙམ་པི་ཁེའི་ཞིང་ལས་འཕེལ་རྒྱས་མཉམ་ལས་རྣམ་གྲངས་ཀྱི་དཔེ་གཞིའི་ཞིབ་འཇུག་སྙན་ཞུ་བཀྲམ་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་མཉམ་ལས་ཀྱིས་ཕྱི་ཕྱོགས་སུ་རོགས་སྐྱོར་བྱས་པའི་རྣམ་གྲངས་ལ་དམིགས་ཏེ་ཞིབ་འཇུག་དང་དཔྱད་དཔོག་བྱེད་ཐེངས་དང་པོ་དེ་ཡིན་ཞིང་། སྙན་ཞུའི་ནང་ཀྲུང་གོའི་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་རྣམ་གྲངས་ཀྱིས་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་དགོས་མཁོ་དངོས་སྐོང་རྒྱུར་གཞོལ་བས་ས་གནས་དེའི་འབྲུ་རིགས་ཐོན་འཕར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་ཐེབས་ཡོད་ལ་ཞིང་དུད་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་འཁོད་ཡོད།
     རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཏེང་པོ་ཆིང་གིས་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་གོ་ལ་ཧྲིལ་པོའི་ཞིང་ལས་རོགས་སྐྱོར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་མ་ཟད། ཞིང་ལས་འཕེལ་རྒྱས་ཀྱི་སྣ་མང་ཅན་གྱི་རོགས་སྐྱོར་ལམ་བུའི་ཐོག་འཚོལ་ཞིབ་ཟམ་མི་ཆད་པ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
     སྙན་ཞུའི་ནང་མོ་ཙམ་པི་ཁེའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་རྒྱུད་འདྲེས་ཆུ་འབྲས་དང་སྐམ་ཞིང་ཆུ་འབྲས་ཀྱི་སོན་བཟང་ལ་ཚོད་ལྟ་བྱས་པ་དང་འབྲེལ་ས་གནས་དེའི་ཞིང་ལས་དང་འཚམ་པའི་ཐོན་འབབ་མཐོ་ལ་སྤུས་ཀ་ལེགས་པའི་ཆུ་འབྲས་ཀྱི་སོན་བཟང་10ལེགས་འདེམས་བྱས་པ་རེད། ཚོད་ལྟ་བྱས་པའི་ཆུ་འབྲས་ཀྱི་ཐོན་འབབ་མང་ཤོས་ལ་སྤྱི་ཆིང་རེར་ཏུན་10.74ཟིན་པ་དང་སྐམ་ཞིང་ཆུ་འབྲས་ཀྱི་ཆ་སྙོམས་ཐོན་འབབ་སྤྱི་ཆིང་རེར་ཏུན་6ལས་བརྒལ་གྱི་ཡོད་པས་ས་གནས་འདི་གའི་ཆུ་འབྲས་རིགས་ཀྱི་ཆ་སྙོམས་ཐོན་འབབ་ཀྱི་ལྡབ་གཉིས་ཟིན་གྱི་ཡོད། ཐོན་འབབ་མང་དུ་ཕྱིན་པའི་རྐྱེན་གྱིས་ས་གནས་དེའི་ཞིང་དུད་ཀྱི་ཡོང་འབབ་ཀྱང་མངོན་གསལ་དོད་པོས་མང་དུ་སོང་ཡོད་པས་དབུལ་པོ་ཉུང་གཏོང་དང་དམངས་འཚོ་ལེགས་གཏོང་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཅེས་འཁོད་ཡོད།
     ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ནི་2018ལོའི་ཟླ་4པར་བཙུགས་པ་དང་། དམིགས་ཡུལ་ནི་ཀྲུང་གོས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཐད་འཐབ་ཇུས་འཆར་འགོད་དང་། སྲིད་ཇུས་ཀྱི་མཛུབ་ཁྲིད། སྤྱི་ཡོངས་སྤྱི་འདོམས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་ཡིན་པ་རེད། འཕེལ་རྒྱས་མཉམ་ལས་ཧྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས་ལྷོ་ལྷོ་མཉམ་ལས་རྣམ་གྲངས་བརྒྱུད་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བཞིན་ཡོད། རྣམ་གྲངས་འདི་དག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཀྲུང་གོའི་ཆེད་ལས་ཀྱི་ཤེས་བྱ་དང་། ལག་རྩལ། ཐོན་ཁུངས་བཅས་ཁྱབ་གདལ་གཏོང་རྒྱུ་དང་འབྲེལ་ཡུལ་བབ་དང་བསྟུན་ནས་ཞིབ་ཕྲའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་ཀྱང་གཏོང་རྒྱུ་རེད།