འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།དམངས་སྲིད་པུས་རྒྱལ་ཡོངས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་2016ལོ་ནས་22.7%ཆག་ཡོད་ཅེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། དམངས་སྲིད་པུའི་དུས་ཚིགས་བཞི་པའི་འཆར་ཅན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་དམངས་སྲིད་པུའུ་སྤྱི་ཚོགས་ལས་དོན་སིའི་སི་ཀྲང་གཞོན་པ་ཉི་ཁྲུན་ཞས། འདི་ལོའི་ཟླ་8པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་697ཡོད་པ་དེ་2016ལོར་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་མཐིལ་རྟོགས་གྲལ་བཤེར་ཐོག་མར་བྱས་པའི་གྲངས་གཞི་མི་ཁྲི་902དང་བསྡུར་ན་22.7%ཆག་ཡོད་ཅེས་བརྗོད།
     ཁོང་གིས། ས་ཁོངས་ཀྱི་ཁྱབ་ཚུལ་ནས་བལྟས་ན། སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་གཞི་ཁྱོན་ཆེ་ཤོས་ཡིན་པ་སྟེ་ཁྲི་76.5ཟིན་པ་དང་། དེ་ནས་ཨན་ཧུའེ་དང་། ཧུའུ་ནན། ཧོ་ནན། ཅང་ཤིས། ཧུའུ་པེ། ཀུའེ་ཀྲོའུ་བཅས་གོང་གསལ་ཞིང་ཆེན་7གྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་སྤྱི་འབོར་ཁྲི་484.4ཡིན་པ་དེས་རྒྱལ་ཡོངས་སྤྱི་འབོར་གྱི་69.5%བཟུང་ཡོད། ལྟ་སྲུང་གནས་ཚུལ་ནས་བལྟས་ན། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་96%ནི་སྤོ་བོ་དང་རྨོ་བོས་ལྟ་སྐྱོང་བྱེད་ཀྱི་ཡོད་པ་དང་དེ་འཕྲོས་ཀྱི་4%ནི་གཉེན་ཉེ་གཞན་དག་གིས་ལྟ་སྐྱོང་བྱེད་ཀྱི་ཡོད། ཕོ་མོའི་བསྡུར་ཚད་ནས་བལྟས་ན། 54.5%ནི་བུ་དང་45.5%ནི་བུ་མོ་ཡིན་པས་གཞིས་ལུས་ཀྱི་བུ་ནི་གཞིས་ལུས་ཀྱི་བུ་མོ་ལས་མང་བ་ཡོད་པ་རེད། བདེ་ཐང་གི་གནས་སྟངས་ལ་བལྟས་ན། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་99.4%བདེ་ཐང་ཡིན་ནའང་0.5%བྱིས་པ་དབང་པོ་སྐྱོན་ཅན་དང་0.1%གི་བྱིས་པར་ན་ཚ་ཡོད་པས་དབང་པོ་སྐྱོན་ཅན་དང་ན་ཚ་ཡོད་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་མི་ཁྲི་4.2ཡོད་པ་རེད། དབུལ་ཕོངས་ཀྱི་གནས་ཚུལ་ལ་བལྟས་ན། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་ཁྲི་20ལྷག་ཡོད་པ་དང་། མ་མཐའི་འགན་བཅོལ་ལ་བཅུག་པའི་མི་ཁྲི་8ལྷག དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བསྙེན་བཀུར་ལ་བཅུག་པ་མི་5000བཅས་ཡོད་ཅེས་བཤད།
     གྲོང་ཚོའི་གཞིས་ལུས་བྱིས་པའི་སྤྱི་འབོར་ཇེ་ཉུང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་གླེང་སྐབས། ཉི་ཁྲུན་ཞས། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཏོན་པ་དང་། ས་གནས་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཕ་ཡུལ་དུ་ལོག་སྟེ་ལས་གཏོད་ལས་ཞུགས་དང་། ལས་ཞུགས་དབུལ་སྐྱོར། མཉམ་དུ་སྤོས་པའི་བུ་ཕྲུག་ཉེ་སར་སློབ་གྲྭར་ཞུགས་པ་སོགས་ཀྱི་ལས་དོན་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ། འབྱུང་རྩ་ནས་བྱིས་པ་གཞིས་ལུས་ཀྱི་སྣང་ཚུལ་ཉུང་དུ་འགྲོ་རྒྱུར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད། གཞན་ཡང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་གི་ལས་དོན་སྤེལ་རིང་། ས་གནས་ཁག་གིས་ཁྱིམ་ཚང་གི་ལྟ་སྐྱོང་བྱེད་པོའི་འགན་འཁྲིར་དམ་འཛིན་ནན་པོ་བྱས་པ་དང་། ཕ་མར་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བས་ཕ་མ་ཁག་གཅིག་གམ་ཡང་ན་ཕ་མ་གཅིག་གིས་བྱིས་པའི་ཆེད་རང་འགུལ་ངང་ཕ་ཡུལ་དུ་ལོག་ནས་བུ་ཕྲུག་དང་མཉམ་དུ་འཚོ་བ་བསྐྱལ་བས་བྱིས་པ་གཞིས་ལུས་ཀྱི་སྣང་ཚུལ་སྔར་བས་ཉུང་དུ་སོང་ཡོད་ཅེས་བཤད།