འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།འདི་ལོའི་ཟླ་1པོ་ནས་9པའི་བར་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་གཤེད་དང་འབྲེལ་བའི་ཉེས་གསོག་པ་
ཁྲི་5.7ལྷག་ཙམ་འཛིན་རྒྱུའི་ཆོག་མཆན་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། གསར་འགོད་པས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ནག་ཚོགས་དང་ཡུལ་གྱི་གཤེད་མའི་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། འདི་ལོའི་ཟླ་1པོ་ནས་9པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་གཤེད་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཁྲི་1.7ལྷག་ཙམ་དང་འབྲེལ་བ་ཡོད་པའི་མི་ཁྲི་5.7ལྷག་ཙམ་འཛིན་རྒྱུའི་ཆོག་མཆན་སྤྲད་པ་དང་གནད་དོན་6300ལྷག་ཙམ་དང་འབྲེལ་བ་ཡོད་པའི་མི་ཁྲི་3.2ལྷག་ཙམ་ཞུ་གཏུག་བརྒྱབ་པ་རེད།
     ཆེད་དོན་འཐབ་རྩོད་བྱེད་འགོ་ཚུགས་མ་ཐག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་བཀོད་སྒྲིག་ཁ་གསལ་བྱས་པ་རེད། ལས་སྒོའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆེད་དོན་འཐབ་རྩོད་ཁྲིམས་སྐྱོང་གི་ལམ་བུར་གཉེར་སྐྱོང་བྱ་ཆེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་དང་མཉམ་དུ《ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་ཐག་གཅོད་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཟོས་པ་རེད། དེ་དང་ཆབས་ཅིག སྒྲུབ་སྐུལ་གྱི་མཛུབ་ཁྲིད་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་བདེ་པུའུ་དང་མཉམ་དུ་ནག་འབྲེལ་གྱོད་གཞི་ཚབས་ཆེན་24སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱས་པ་དང་། ཧོ་པེ་དང་། ཧོ་ནན། ཡུན་ནན་སོགས་སུ་བསྐྱོད་དེ་ཏི་ཀྲི་མིང་དང“ཏིང་ཧྲི་ཁྱིམ་རྒྱུད”སོགས་ནག་འབྲེལ་གྱོད་གཞི་ཚབས་ཆེན་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་དང་མཛུབ་ཁྲིད་བྱས་པ་རེད།
     རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་སྒྲུབ་ལྟེ་བར་བྱེད་པ་མཐའ་འཁྱོངས་དང་། ཆེད་དོན་འཐབ་རྩོད་ཀྱིས་གཏན་འཁེལ་བྱས་པའི་རྡུང་རྡེག་བྱ་ཡུལ་གཙོ་བོར་དམིགས་པ། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ། མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེ་བའི་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་དམིགས་ནས་སྔོན་དུ་མྱུལ་ཞིབ་དང་དཔང་རྟགས་འཚོལ་བར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་འཛིན་པ་དང་ཞུ་གཏུག་མགྱོགས་མྱུར་རྒྱག་པ་བཅས་བྱས་ནས་ནག་གཤེད་སྟོབས་ཤུགས་ཀྱི་ཉེས་གསོག་པ་ཁག་གཅིག་ལ་ཆད་པ་ནན་པོ་བཅད་པ་རེད། ཆེད་དོན་འཐབ་རྩོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་ཀྱིས་ལྟ་སྐུལ་བྱེད་པ་གཙོ་རྐང་དུ་བྱས་ཏེ་གྱོད་སྒྲུབ་བྱེད་རིང་ལྟ་སྐུལ་དང་ལྟ་སྐུལ་བྱེད་རིང་གྱོད་སྒྲུབ་བྱས་ནས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་། མྱུལ་ཞིབ། འདྲི་གཅོད། ཉེས་ཁྲིམས་ལག་བསྟར་བཅས་ཀྱི་བྱེད་སྒོའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་1པོ་ནས་9པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་ཁྱོན་510ལྷག་ཙམ་དང་འབྲེལ་བ་ཡོད་པའི་མི་1000ལྷག་ཙམ་ལ་ལྟ་སྐུལ་དང་གྱོད་དོན་ཐོ་འགོད་བྱས་པ་དང་། མི་3500ལྷག་ཙམ་ཁ་སྣོན་བྱས་ནས་བཟུང་བ། མི་1100ལྷག་ཙམ་ལ་ཞུ་གཏུགས་ཁ་སྣོན་བྱས་པ། མྱུལ་ཞིབ་བྱེད་སྒོའི་ཁྲིམས་འགལ་གྱོད་གཞི་740ལྷག་ཙམ་ལ་ཡིག་ཐོག་ལྟ་སྐུལ་དང་། ཡོ་བསྲང་། མྱུལ་ཞིབ་བཅས་བྱས་པ་རེད།